23
Tue, Apr

ཨ་རིའི་སྲིད་འཛིན་ཁྲམ་ཕུ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༡༧་ཉིན། རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་ལོ་འཁོར་སྙན་ཐོའི་ནང་དུ། ༢༠༡༩་ལོ་ནི་ལོ་ངོ་༢༩་ཡི་ནང་དུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དམའ་ཤོས་སླེབས་ཡོད་ཅིང་། དེ་ནི་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་བརྒྱབ་པའི་རྐྱེན་ཡིན་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་། གོང་ཚེས་ཉིན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པའི་ནང་དུ། རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་(GDP)་ཀྱི་ལོ་འཁོར་སྙན་ཐོའི་ནང་དུ། ༢༠༡༩་ལོ་ནི་ལོ་ངོ་༢༩་ཡི་ནང་དུ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་དམའ་ཤོས་་སླེབས་ཡོད་འདུག རྒྱུ་རྐྱེན་གཙོ་བོ་ནི་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་བརྒྱབ་པའི་རྐྱེན་གྱིས། ཚོང་ལས་ཐོག་མ་རྩ་འཛུགས་མཁན་ཉུང་དུ་ཕྱིན་པ་དང་། རྒྱ་ནག་གི་ཚོང་རྫས་ཕྱི་འཚོང་བྱེད་མ་ཐུབ་པ། ཚོང་རྫས་ཉོ་མཁན་ཉུང་དུ་ཕྱིན་པ་བཅས་ཡིན་འདུག

༢༠༡༩་ལོའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་ནི་༦ནས་༦.༥་བར་དུ་བཞག་ཡོད་འདུག འོན་ཀྱང་། ༢༠༡༩་ལོའི་ལོ་འཁོར་སྙན་ཐོའི་ནང་དུ་ལོ་ཁ་ཤས་ཀྱི་སྔོན་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་༦.༦་ལས་༦.༡་མར་ཟགས་ཡོད་འདུག

༢༠༡༨་ལོ་ནས་༢༠༡༩་ལོ་བར་དྲ་ཐོག་དང་སིལ་ཚོང་གི་ཚོང་རྫས་བརྒྱ་ཆ་༩་ནས་༨་མར་ཟགས་ཡོད་པ་དང་། བཟོ་བསྐྲུན་དང་བཟོ་ལས་བཅས་ཀྱི་ཐོག་མ་འཛུགས་བརྒྱ་ཆ་༥.༩་ནས་མར་༥.༤་ལ་ཟགས་ཡོད་འདུག

དེ་བཞིན། སྙན་ཐོ་དེའི་ནང་དུ་རྒྱ་ནག་གི་མི་འབོར་འཕེལ་ཚད་ནི་༡༩༦༡་ནས་བཟུང་ཉུང་ཤོས་ཀྱི་ཚད་སླེབས་ཡོད་འདུག མི་འབོར་འཕེལ་ཚད་ཀྱི་རྩིས་སྟངས་མི་ཤི་བའི་གྲངས་ནས་བྱིས་པ་སྐྱེས་པའི་གྲངས་ཀ་འཐེན་གྱི་ཡོད། ༢༠༡༩་ལོའི་མི་འབོར་འཕེལ་ཚད་ཀྱི་ཚད་ནི་༢༠༡༨་ལོའི་མི་འབོར་འཕེལ་ཚད་ཀྱི་ཚད་༣.༨༡་ལས་མར་༣.༣༤་ལ་ལྷུང་ཡོད་འདུག རྒྱ་ནག་གི་མི་འབོར་མང་ཤོས་ནི་ལོ་རྒན་ཡིན་པ་དང་། ལོ་རྒན་གྱི་སྤྱི་ཚོགས་ཀྱི་ནང་དུ་གསར་སྐྱེས་གྲངས་ཀ་ཉུང་དུ་ཕྱིན་པ་ནི་དཔལ་འབྱོར་ཡར་རྒྱས་ལ་ཤུགས་རྐྱེན་ངན་པ་སྤྲོད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་རྐྱེན་གཙོ་བོ་ནི། ཉེ་བའི་ལོ་ཁ་ཤས་ཀྱི་ནང་དུ་། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཚོང་དམག་བརྒྱབ་ནས་ཨ་རིས་རྒྱ་ནག་གི་ཚོང་རྫས་ཐོག་ལ་ཁྲལ་སྤེལ་བའི་རྐྱེན་པས། རྒྱ་ནག་གི་ཚོང་རྫས་ཁ་པར་དང་། གློག་ཀླད། ནང་ཆས། རས་ཆ་བཅས་ཉོ་མཁན་ཉུང་དུ་ཕྱིན་པ་དང་། དྲ་ཐོག་ཚོང་རྒྱག་མཁན་ཡང་ཉུང་དུ་ཕྱིན་པ་བཅས་ཡིན་པར་བརྒྱུད་ལམ་ནས་འགྲེལ་བརྗོད་བྱས་འདུག

ཟླ་འདི་ཚེས་༡༥་ཉིན། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་བར་ལ་ཚོང་འབྲེལ་གྱི་གྲོས་མོལ་བརྒྱུད་ནས་ཚོང་འབྲེལ་གྱི་གྲོས་མཐུན་གོ་རིམ་དང་པོ་ཞེས་པ་ཞིག་བཞག་ཡོད་ཅིང་། དེའི་ནང་ནས་ཨ་རི་ཡིས་རྒྱ་ནག་གི་ཚོང་རྫས་ཀྱི་ཐོག་ཚོང་ཁྲལ་དུང་ཕྱུར་༡༢༠་མར་བཅོད་རྒྱུ་དང་། རྒྱ་ནག་གིས་དེའི་ཚབ་ལ་ཨ་རིའི་ཞིང་ལས་ཐོན་རྫས་རིན་ཐང་དུང་ཕྱུར་༤༠་ལྡན་པའི་ཐོན་རྫས་ཉོ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ཨ་རི་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་གྱི་གྲོས་མཐུན་བཞག་ཡོད་ཀྱང་། འདི་ལོའི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཀྱི་སྙན་ཐོ་ལྟར་ན། དཔལ་འབྱོར་རིག་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུའི་རེ་བ་མཐོང་གི་མེད་པར། བརྒྱུད་ལམ་ནས་འགྲེལ་བརྗོད་བྱས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།