20
Sat, Apr

བལ་ཡུལ་གྱི་སྲིད་འཛིན་བྷན་ཌི་རི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༡༤་ཉིན་སྤེལ། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བལ་ཡུལ་ལ་གཞུང་འབྲེལ་སྐོར་བསྐྱོད་དུ་སླེབས་ཡོད་ཅིང་། སྐབས་དེར། རྒྱ་ནག་དང་བལ་ཡུལ་བར་གྲོས་ཆོད་གྲངས་༢༠བཞག་ཡོད་ཀྱང་། ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་དེ་འཇོག་ཐུབ་མེད་པ་རེད། འོན་ཀྱང་། བལ་ཡུལ་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་མི་འབྱུང་བར་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག དེ་ནི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བཀག་འགོག་གི་ཆེད་དུ་ཡིན་འདུག

དེ་ཡང་། ཀ་ཐི་མན་ཏོ་ཆ་འཕྲིན་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༡༢་ནས་༡༣་བར། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བལ་ཡུལ་དུ་གཞུང་འབྲེལ་སྐོར་བསྐྱོད་དུ་སླེབས་ཡོད་ཅིང་། རྒྱ་ནག་དང་བལ་ཡུལ་བར་གྲོས་ཆོད་གྲངས་༢༠་བཞག་ཡོད་འདུག དེ་ཡང་གཙོ་བོ་འཛུགས་བསྐྲུན་གྱི་ལས་འཆར་ཁག་གི་ཐོག་ཡིན་འདུག རྒྱ་ནག་གིས་ལོ་གཉིས་ཀྱི་ནང་དུ་བལ་ཡུལ་ལ་བལ་སྒོར་ཐེམ་འབུམ་༥༦་གིས་རོགས་རམ་བྱ་རྒྱུ་ཡིན་པར་བསྒྲགས་འདུག

དེ་བཞིན། བལ་ཡུལ་གྱིས་སླར་ཡང་། རྒྱ་ནག་གི་སྲིད་བྱུས་གཅིག་ཅེས་པ་དེར་བརྩི་སྲུང་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། རྒྱ་ནག་གི་སྲིད་བྱུས་གཅིག་ཅེས་པ་ནི། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་ཁུལ་གྱི་གནད་དོན་ཞིག་ཡིན་ཞེས་པ་དེ་ཡིན་འདུག ད་དུང་། བལ་ཡུལ་ནང་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་མི་འབྱུང་བར་བྱེད་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག དེ་ནི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བཀག་འགོག་བྱེད་ཆེད་དུ་ཡིན་འདུག

བལ་ཡུལ་དང་རྒྱ་ནག་གཉིས་བར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་འཇོག་མ་ཐུབ་པ་ནི། བལ་ཡུལ་ནང་གི་ཕྱོགས་ཁག་ཁ་ཤས་ཤིག་གིས་མོས་མཐུན་བྱས་མེད་པས་རེད། འོན་ཀྱང་། ཐུན་མོང་གི་ཁྲིམས་ཐོག་རོགས་རམ་ཞེས་པའི་གྲོས་ཆོད་ཅིག་བཞག་ཡོད་འདུག གྲོས་ཆོད་དེ་ནི་རྒྱལ་ཁབ་ཕན་ཚུན་བར་ལ་ཉེས་ཅན་པའི་གནས་ཚུལ་རྒྱལ་ཁབ་དེར་སྤྲོད་ཆོག་པའི་གྲོས་ཆོད་ཅིག་ཡིན་འདུག

ཐེངས་འདིར། རྒྱ་ནག་དང་བལ་ཡུལ་བར་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་འཇོག་མ་ཐུབ་པའི་རྒྱུ་རྐྱེན་གཞན་ཞིག་ནི། རྒྱ་གར་དང་བལ་ཡུལ་གྱི་བར་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་ཞིག ཕྱི་ལོ་༡༩༥༣་ལོའི་ཟླ་༡༠་ཚེས་༢་ཉིན་བཞག་ཡོད་པ་དང་། ད་ལྟར། རྒྱ་གར་གྱིས་གྲོས་ཆོད་དེ་བསྐྱར་བཅོས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། བལ་ཡུལ་གཞུང་གིས་དེར་ད་དུང་མོས་མཐུན་བྱུང་མེད། དེར་བརྟེན། ཐེངས་འདིར་རྒྱ་ནག་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་བཞག་མེད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གིས་བལ་ཡུལ་དུ་མཐོ་སློབ་དང་། མེ་འཁོར་ལྕགས་ལམ། ལམ་ཆེན་བཅས་འཛུགས་བསྐྲུན་བྱེད་པའི་ཐད་ལ་རོགས་རམ་བྱ་རྒྱུ་དང་། ཚོང་འབྲེལ་ཐོག་ཡར་རྒྱས་གཏོང་རྒྱུ། བལ་ཡུལ་ནང་དུ་རྒྱ་ནག་གི་དངུལ་ཁང་འཛུགས་རྒྱུ། བལ་ཡུལ་གྱི་ནང་དུ་ཆུ་དང་གློག་སོགས་ཀྱི་ཐོག་རོགས་འདེགས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་ཡང་། བལ་ཡུལ་དང་རྒྱ་ནག་གི་བར་ལ་གྲོས་ཆོད་གྲངས་༢༠་བཞག་ཡོད་པའི་ནང་དུ། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་སྨན་སོགས་ཀྱི་ཐོག་མཉམ་རུབ་བྱེད་རྒྱུ་དང་། རང་བྱུང་གི་རྐྱེན་ངན་གོད་ཆག་ཐོག་རོགས་འདེགས། བལ་ཡུལ་གྱི་མཐོ་སློབ་རྙིང་ཤོས་དང་ཆེ་ཤོས་ཏི་རི་པོ་ཝན་གྱི་ནང་དུ་རྒྱ་ནག་གི་ཁུང་ཙི་སྡེ་ཚན་ཞིག་འཛུགས་རྒྱུ་སོགས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།