ཕྱི་ལོ་༢༠༢༣ ཟླ་ ༥ ཚེས་ ༢༤ ཉིན་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་གཅིག་ཙམ་གྱི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཀྱི་ལས་འགུལ་ཨ་སམ་མངའ་སྡེའི་ཏིཛ་སྤུར་ལ་མཇུག་སྡུད་གནང་འདུག གོམ་བགྲོད་ཀྱི་ལས་འགུལ་བརྒྱུད་ནས་ས་གནས་མི་མང་ལ་བོད་དོན་གོ་རྟོགས་ཡག་པོ་སྤེལ་ཐུབ་ཡོད་པ་དང་རྒྱ་གར་གསར་ཁང་ཆེ་ཁག་ནང་བོད་དོན་ཐོག་གནས་ཚུལ་སྤེལ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
༧གོང་ས་མཆོག་གིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུའི་འབོད་སྐུལ་ལ་དགའ་བསུའི་གསུང་འཕྲིན་བསྩལ་འདུག
ཕྱི་ལོ་༢༠༢༣ ཟླ་༥ ཚེས་༢༣ ཉིན། བཞུགས་སྒར་རྡ་རམ་ས་ནས་༧གོང་ས་མཆོག་གིས་ཉེ་ཆར་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་ཚོགས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུའི་འབོད་སྐུལ་ལ་དགའ་བསུའི་གསུང་འཕྲིན་བསྩལ་འདུག ཁོང་གིས་ངོས་ལ་མཚོན་ན་འཛམ་གླིང་ཁྱོན་ཡོངས་སུ་དམག་འཁྲུག་དང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་ལས་གཞི་འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་འདུག
དཔལ་འབྱོར་ཐོག་ནས་གཞན་བརྟེན་གྱི་བསམ་བློ་དོར་ནས་རང་ཉིད་ཀྱིས་དཀའ་ལས་རྒྱག་པའི་དུས་ལ་སླེབས་ཡོད།
ཕྱི་ལོ་༢༠༢༣ ཟླ་༥ཚེས་༢ཉིན། བཞུགས་སྒར་རྡ་སར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་བཞིན་འདུག སྐབས་དེར། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞན་བརྟེན་གྱི་བསམ་བློ་དོར་ནས་རང་ཉིད་ཀྱིས་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུར་པར་དཀའ་ལས་རྒྱག་ནས་བོད་མི་གཞན་ལ་རོགས་རམ་བྱེད་ཐབས་བྱེད་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ནས་ཁོང་ལ་དགོངས་སེལ་ཞུ་དགོས་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།
ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡༧ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤི་ཏི་(Spiti) ཀི་ནོར་(Kinnaur) ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་མི་གཙོས་༧གོང་ས་མཆོག་ལ་དགའ་མོས་བྱེད་མཁན་སེར་སྐྱ་ཕོ་མོ་དང་རྒྱ་གར་བ། ཕྱི་རྒྱལ་བ་སོགས་མི་མང་མང་པོ་མཉམ་འཛོམས་བྱས་ཏེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླང་འཁོར་འབབ་ཚུགས་ནས་རྡ་ཤོད་ཀ་ཅཱ་རི་བར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་ཚབས་ཆེན་བྱས་པར་ངོ་རྒོལ་སྐྱོན་བརྗོད་དང་། མཚན་སྨད་ཞུ་མཁན་ཡོངས་ནས་མགོན་པོ་གང་ཉིད་ལ་དགོངས་སེལ་ཞུ་དགོས་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་སོང་།
༧རྒྱལ་བ་རིན་པོ་ཆེ། ཁྱེད་ཕ་ཡུལ་བོད་ལ་ཕེབས་རན་སོང་།
ཕྱི་ལོ་༢༠༢༣་ཟླ་༥་ཚེས་༢༣ཉིན། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་མཇལ་ཁ་ཁང་དུ། བོད་པའི་བུ་མོ་ཆུང་ཆུང་ཞིག་གིས་༧གོང་ས་མཆོག་ལ་སྙན་ངག་སྙན་སྒྲོག་ཞུས་ཡོད་པ་དང་། སྙན་ངག་དེའི་ནང་དུ་གཞིས་ལུས་བོད་མི་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་རེ་སྒུལ་བྱེད་བཞིན་ཡོད་པ་དང་། ཐེངས་གཅིག་མཇལ་རྒྱུར་རེ་བ་དང་སྨོན་ལམ་གྱིས་སྒུག་ནས་བཞུགས་འདུག ༧རྒྱལ་བ་རིན་པོ་ཆེ། ཁྱེད་ཕ་ཡུལ་ལ་ཕེབས་རན་སོང་། ཞེས་བཀོད་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཞེས་པའི་ལས་འགུལ་ཞིག་སྤེལ་འགོ་བརྩམས་འདུག
ཕྱི་ལོ་༢༠༢༣ ཟླ་ ༥ ཚེས་ ༡ ཉིན་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོའི་ཉིན་མོ་དང་སྟབས་བསྟུན་གྱིས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞེས་པ་ཞིག་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་བྷེང་གྷལ་(West Bengal)བརྒྱུད་ཨ་སམ་མངའ་སྡེའི་ཏིཛ་སྤུར་བར་གོམ་བགྲོད་ལས་འགུལ་ཞིག་སྤེལ་འགོ་བརྩམས་འདུག གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་ས་གནས་༡༧ བོད་མི་༨༠་ལྷག་ཡོད་འདུག
༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ནས་ཁོང་ལ་དགོངས་སེལ་ཞུ་དགོས་པའི་ཞི་བའི་གོམ་བགྲོད་དང་མར་མེ་ཁྲོམ་སྐོར་གྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།
ཕྱི་ལོ་༢༠༢༣་ཟླ་༤ཚེས་༡༧་ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག སྔ་དྲོར་བཞུགས་སྒར་རྡ་རམ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་མི་མང་རྣམས་ཀྱིས་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་། དགོང་མོར། རྡ་ས་མོག་གྷན་གྱི་སྤྱི་ཐང་དུ། བོད་མི་ཚོས་༧གོང་ས་མཆོག་ལ་གསར་ལམ་བརྒྱུད་ལམ་ཁག་ཁ་ཤས་ནས་གཞི་མེད་སྐྱོན་འཛུགས་བྱེད་མཁན་རྣམས་ལ་ཞི་བའི་གོམ་བགྲོད་དང་མར་མེ་ཁྲོམ་སྐོར་གྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།