13
Thu, Jun

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་བ་ ༦ ཚེས་ ༡༡ ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་དང་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་གི་སྨན་པ་དང་ལས་བྱེད། སྐུ་སྲུང་ཟུར་པ་བཅས་ནས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ད་དུང་དགུང་ལོ་བཅུ་ཕྲག་འགའ་བཞུགས་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་ཐོབ་སོང་།

དེ་ཡང་། ཐེངས་འདིའི་བརྟན་བཞུགས་ཕུལ་མཁན་ནི། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་དང་ཁྲིམས་དཔོན་ཟུར་པ། འོས་བསྡུའི་འགན་འཛིན་ཟུར་པ། གཞུང་ཞབས་ཟུར་པ་ཁྱོན་༥༤༣་ཡོད་པ་དང་། དངོས་སུ་བཅར་མཁན་༣༠༠་དང་ཁོ་ཚོའི་ནང་མི་ཁྱོན་༥༠༠བཅས་ཁྱོན་མི་གྲངས་༨༠༠ ཕེབས་ཡོད་འདུག སྐུ་སྲུང་ཟུར་པ་ཁྱོན་༢༨༤་བཅར་ཡོད་པ་དང་། སྨན་རྩིས་ཁང་གི་སྨན་པ་དང་། ལས་བྱེད། ལས་མི། ལས་ཟུར་བཅས་ཁྱོན་༥༣༠་ཕེབས་ཡོད་འདུག དེ་བཞིན་སེར་སྐྱ་མི་མང་སྟོང་ཕྲག་འགའ་མཉམ་ཞུགས་གནང་འདུག བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིའི་༸རྒྱལ་བ་རིན་པོ་ཆེ་མཆོག་བརྟན་བཞུགས་འབུལ་དགོས་པའི་དམིགས་ཡུལ་ཐོག་ནས་བརྗོད་དོན། ༸གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་དམིགས་ཡུལ་ནི། གཞུང་ཞབས་ཟུར་པ་རྣམས་ཀྱིས་མི་འགྲིག་པ་བྱུང་ཡོད་ཚེ་དེ་དག་དགོངས་སེལ་ཞུ་རྒྱུ་དང་། དམིགས་ཡུལ་གཙོ་བོ་ནི་༸གོང་ས་མཆོག་གི་ཡང་སྲིད་དམ་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་མུ་མཐུད་ནས་གནས་དགོས་པའི་འབོད་སྐུལ་དང་རེ་བ་ཞུ་ཡི་ཡོད། ཅེས་འགྲེལ་བརྗོད་གནང་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ཀྱིས་འཐུས་མི་ནས་སྤོས་སྣེས་མདུན་བསུ་དང་། ཕེབས་ལམ་གཡས་གཡོན་དུ་བོད་ཀྱི་ཟློས་གར་ཚོགས་པའི་གླུ་གར་གྱི་མཆོད་པ་འབུལ་མཁན་རྣམས་རུ་སྒྲིག་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་པ་དང་། དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་སོགས་ཞལ་འདོན་དབུ་འཛུགས་གནང་ཞིང་། བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པའི་བར་ཆོ་གའི་གཞུང་ལྟར་བརྟན་བཞུགས་དངོས་གཞི་དབུ་འཛུགས་བསྐྱངས་སོང་།

དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། གཞུང་ཞབས་ཟུར་པའི་ཚོགས་གཙོ་འཇིགས་མེད་འབྱུང་གནས་ལགས། སྐུ་སྲུང་ཟུར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྷག་པ་ལགས་བཅས་ནས་གསོལ་འདེབས་མཎྜལ་འདེགས་འདུལ་དང་། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་སློབ་དཔོན་ནས་སྐུ་གསུང་ཐུགས་རྟེན་སོགས་རིམ་པར་ཕུལ་མཚམས་ཚོགས་སྡེ་ཁག་གསུམ་གྱི་འཐུས་མིས་མཇལ་ཁ་ཞུས་ཤིང་། སྨན་རྩིས་ཁང་གིས་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་དང་སྨན་རྩིས་ཀྱི་གསུང་རབས་སོགས་འདེགས་འབུལ། བོད་ཀྱི་ཟློས་གར་ཚོགས་པས་བསྟོད་དབྱངས་གཟིགས་འབུལ་བཅས་ཞུས་རྗེས། གཏང་རག་མནྜལ་འདེགས་འབུལ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་སོང་།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོགབཀའ་སློབ་གནང་དོན། དེ་རིང་ངོས་ལ་བརྟན་བཞུགས་ཕུལ་གྱི་ཡོད་རེད། ངོས་ཀྱི་རྨི་ལམ་ནང་དུ་ངོས་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུའི་རྨི་ལམ་གསལ་པོ་ཞེ་དྲག་འདུག ངོས་ཀྱིས་དཔུང་པའི་ཐོག་དཔལ་ལྡན་ལྷ་མོ་ཡོད་པ་ཞིག་དང་། དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད་ཅེས་གསུངས་སོང་། རིག་པའི་རྒྱུ་མཚན་བཀོད་པ་ཡིན་ན་ད་ལྟར་ང་ཚོ་བོད་པ་ཚོ་དཀའ་ངལ་ཆེན་མོ་ཞིག་གི་སྒང་བསྡད་ཡོད་རེད། བོད་པའི་སྤྱི་མཐུན་གྱི་ལས་དང་བསོད་ནམས་བརྟེན་ནས་ངོས་མདོ་སྨད་ནས་སྐྱེས་པ་རེད། བོད་པ་ཚོས་དགའ་མོས་བྱེད་ས་ཞིག་ཆགས་བསྡད་ཡོད་རེད། ངོས་ཀྱིས་ལུང་རྟོགས་ཀྱི་བསྟན་པར་ཞབས་འདེབས་གང་ལ་གང་འཚམ་ཞིག་བསྒྲུབ་ཐུབ་པ་ཆགས་བསྡད་ཡོད་དུས་དཔལ་ལྡན་ལྷ་མོའི་ལུང་བསྟན་པ་དེ་བདེན་པ་འདྲ་འདུག

ངོས་རང་འདིར་ལས་དང་སྨོན་ལམ་དབང་གིས་སྐྱེས་པ་རེད། དཔལ་ལྡན་ལྷ་མོའི་ལུང་བསྟན་གནང་བ་བཞིན་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད། ཁྱོད་ཚོ་ཚང་མ་བློ་བདེ་པོ་བྱོས། གལ་ཆེ་ཤོས་དེ་ང་རང་ཚོ་གསོན་པོ་གནས་པའི་རིང་དུ། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་ཆོས་པ་རེད། དེར་བརྟེན། ཁོང་གི་གསུངས་པའི་ཆོས་སྟོད་ཉིད་ལྟ་བ་དང་བྱང་ཆུབ་སེམས་ང་ཚོས་གང་ཐུབ་ཀྱིས་ལག་ལེན་བསྟར་དགོས་རེད། བྱང་ཆུབ་སེམས་དང་སྟོད་ཉིད་ལྟ་བར་ཡག་པོ་བསམ་བློ་གཏོང་བ་ཡིན་ན་མིའི་གོ་ཆོད་པ་རེད། ངོས་རང་ཀྱིས་ཉིན་རེ་བཞིན་སྟོད་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཐོག་བསམ་བློ་གཏོང་གི་ཡོད། ཁྱེད་ཚོས་དེ་ལྟར་བྱེད་ཤོག སྟོད་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་སྒོམ་རྒྱུ་དེ་ནི་ང་ཚོས་ཚོགས་གསོག་དགེ་སྒྲུབ་བྱེད་ཡ་ཡག་ཤོག་དེ་ཆགས་སྡོད་ཡོད་རེད། དེ་བཞིན་འདི་ཕྱི་གཉིས་ཀྱི་དོན་དག་སྒྲུབ་ཡའི་ཆོས་གལ་ཆེ་ཤོག་དེ་ཆགས་བསྡད་ཡོད་རེད། སངས་རྒྱས་བཅོམ་ལྡན་དང་དཔལ་ལྡན་ལྷ་མོ་དགྱེས་པའི་མཆོད་པའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་རྒྱུ་འདི་གཙོ་བོ་ཆགས་ཀྱི་འདུག བོད་ལ་དབང་བསྒྱུར་བྱེད་མཁན་རྒྱ་ནག་ཏུའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག འཛམ་གླིང་ཤར་ནུབ། ལྷོ་བྱང་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན། ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་ཐོངས། ཚང་མས་ཧུར་ཐག་བྱས་ཏེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པོ་ཡག་པོ་བཞེས། ངོས་རང་མདོ་སྨད་ནས་སྐྱེས་པའི་ཕྲུ་གུ་ཞིག་ལྷ་མོའི་བླ་མཚོ་ནས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། ངོས་རང་གིས་བསམ་བློ་བཏང་བ་ལྟར་ཆོས་གྲོགས་ཚོས་ཀྱང་དགོངས་པ་ཡག་པོ་ཞིག་བཞེས། སོ་སོའི་ཚོགས་བསགས་པ་དང་། བོད་སྤྱི་བའི་དོན་དུའང་འདིས་ཕན་གྱི་རེད།

དེ་རིང་སྐབས་སུ་བབ་པ་བརྟན་བཞུགས་ཕུལ་ཏེ་བསམ་པ་རྣམ་དག་གིས་སྨོན་ལམ་བརྒྱབས་པ་རེད། གང་ལྟར་བརྟན་བཞུགས་ནི་དངུལ་ཕུལ་བའི་སྐད་ཆ་མ་རེད། སོ་སོ་རང་གི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་ཡག་པོ་ཞིག་བྱས་ནས་དངོས་གནས་དྲང་གནས་ཀྱི་སྒྲུབ་པའི་མཆོད་པ་ཡག་ཤོས་ཆགས་ཡོད། བླ་མ་དགྱེས་པའི་མཆོད་པ་དེའི་ཐོག་ནས་ཡོང་གི་རེད། ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུར་དཔལ་ལྡན་ལྷ་མོའི་ལུང་བསྟན་ཧ་ཅང་གསལ་པོ་ཞིག་ཡོད། ངོས་རང་ད་དུང་ལོ་མང་པོ་ཞིག་སྡོད་ཐུབ་པ་ནི་ཕལ་ཆེར་ཐག་ཆོད་པ་ཞིག་རེད། ངོས་ཀྱིས་ཧུར་ཐག་འབད་ཐག་བྱེད་ཀྱི་རེད། ཁྱོད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་གནང་ཤོག ཅེས་བཀའ་སློབ་སྩལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།