13
Thu, Jun

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༣ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་གཙོས་པའི་གཞོན་སྐྱེས་རྣམས་ལ་ཉིན་གཉིས་རིང་གི་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་དབུ་འཛུགས་གནང་སོང་། སྐབས་དེར། ༸གོང་ས་མཆོག་གིས་སློབ་མ་རྣམས་ལ་རྒྱུན་དུ་སློབ་སྦྱོང་བྱེད་སྐབས་དཔྱད་པ་བྱེད་དགོས་པ་གལ་ཆེན་ཡིན་སྐོར་བཀའ་བསྩལ་སོང་།

དེ་ཡང་། གོང་ཚེ་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༣༠་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་སོང་། སྐབས་དེར། བོད་ཁྱིམ་སློབ་གྲྭ་ཁག་ནས་ཡོང་བའི་སློབ་མ་༩༠༠་དང་། མཐོ་སློབ་ཁག་ནས་ཡོང་བའི་སློབ་མ་༡༦༡། གཞན་རྡ་རམ་ས་ཁུལ་གྱི་གཞོན་སྐྱེས་༤༠་དང་ཕྱི་རྒྱལ་ནང་ཆོས་སྦྱོང་མཁན་༨༠། ད་དུང་ས་ཕྱོགས་གང་ས་ནས་སླེབས་པའི་སེར་སྐྱ་མི་མང་༥༥༠༠་ལྷག་༸གོང་ས་མཆོག་གི་གསུང་ཆོས་ཉན་ཆེད་སླེབས་ཡོད་འདུག ༸རྒྱལ་བ་རིན་པོ་ཆེ་བཞུགས་ཁྲི་སྟེང་བཞུགས་རྗེས། བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་ཀྱིས་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མཆོག་གིས་མཛད་པའི་བློ་རིགས་ཀྱི་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་བློ་འཛིན་ཐོག་སྐྱོར་འདོན་དང་། ཚོགས་མང་ནས་འཇམ་དབྱངས་བསྟོད་པ་གང་བློ་མ་དང་གཟུངས་སྔགས་གསུང་འདོན་དང་བསྟུན་ནས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

དེ་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་བཀའ་སློབ་སྩོལ་དོན། ཁྱོད་རང་ཚོས་རྟགས་རིགས་ཀྱི་སྡོམ་བློ་ལ་བཟུང་ཡོད་དམ། ངོས་རང་ཆུང་ཆུང་སྐབས་སུ་བློ་རིགས་དང་རྟགས་རིགས་ཀྱི་སྡོམ་བློ་ལ་བཟུང་བ་ཡིན། གང་ལྟར་སྔོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་ཚོས་ཡུན་རིང་པོའི་དོན་དག་ལ་དགོངས་པ་བཞེས་ནས་བོད་རིགས་ཚོར་སྔོན་ལ་བློ་རིགས་དང་རྟགས་རིགས་ལ་བལྟ་རྒྱུ་ཞིག་དང་། དེ་ཡང་ཆོས་སློབ་པ་ལྟ་བུ་མ་ཡིན་པར་བློ་རྟགས་ཀྱི་སྡོམ་བློ་ལ་བཟུང་ནས་ཡོང་དགོས། ངོས་རང་གིས་ཆུང་ཆུང་སྐབས་ནས་བློ་རྟགས་ཀྱི་སྡོམ་སྐྱོར་བ་ཡིན། དེ་རིང་འདིར་བློ་རིགས་ཀྱི་སྡོམ་གསུངས་པ་རེད། རྟགས་རིགས་ཀྱི་སྡོམ་བློ་ལ་བཟུང་ཡོད་དམ། ཞེས་བཀའ་འདྲི་ཞུས་པར་སློབ་ཕྲུག་ཚོས་རིམ་བཞིན་བློ་འཛིན་བྱེད་འཆར་ཡོད་པ་༸སྙན་སེང་ཞུས་སོང་།

༸གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། གང་ལྟར་དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། ང་ཚོ་བོད་པས་ནང་ཆོས་སློབ་སྦྱོང་བྱེད་པ་དེ་བླ་མས་མར་བཀའ་ཆོས་གནང་སྟེ། སྐྱབས་སུ་མཆི་ཟེར་སྡོད་པ་མ་ཡིན་པར་གཞུང་གལ་ཆེན་གྱི་གྲས། བློ་རིགས་དང་རྟགས་རིགས་ཀྱི་སྡོམ་ལྟ་བུ་བློ་ལ་བཟུང་ནས་སྐྱོར་བཞིན་ཡོད་པ་རེད། སྔོན་གྱི་དགེ་རྒན་ཚོའི་ཕྱག་ལེན་ཧ་ཅང་ཡག་པོ་རེད། སྔོན་ལ་དོན་དག་མ་ཤེས་ནའང་ཚིག་བློ་ལ་བཟུང་ནས་སྐྱོར་རྒྱུ་ཡོད་པ་ཞིག་དང་། རིམ་བཞིན་ག་ལེར་དགེ་རྒན་གྱིས་ཚིག་འགྲེལ་བཤད་སྐྱོན་ཡོང་དུས་ཧ་ཅང་ཡག་པོ་རེད། ང་ཚོ་འདིར་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། ཆེ་ས་ནས་བཤད་ན་འཛམ་གླིང་འདིར་ནང་ཆོས་ལ་དེ་ཙམ་དོ་སྣང་མེད་པ་ལྟ་བུ་རེད། ང་ཚོ་བོད་རིགས་ལ་ཆ་བཞག་ནའང་གཞུང་ཆེན་ལ་བལྟ་རྒྱུར་དེ་ཙམ་དོ་སྣང་མེད་པ་ལྟ་བུ་ཆགས་ཡོད། དེ་ལྟ་བུའི་དུས་ཚོད་ཅིག་ལ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་བདག་པོ་བརྒྱབས་པའི་རིགས་ལམ་གྱི་གཞུང་རྣམས་ལ་ང་ཚོ་བཙན་བྱོལ་བ་ཉུང་ཤོས་ཤིག་ཡོད་པ་ཚོས་སློབ་གཉེར་བྱས་པ་ཙམ་དུ་མ་ཟད། ཚིག་བློ་ལ་བཟུང་ནས་སྐྱོར་རྒྱུ་ཡོད་པ་ནི་ཧ་ཅང་ཡག་པོ་རེད།

དཔེ་ཆར་ལྟ་བའི་ཐད་ལ་སྔ་མོ་རྒྱ་ནག་ཏུའང་ཡག་པོ་ཡོད་ས་རེད། ཝེ་དུ་ནམ་སོགས་སུ་ཡོད་ཀྱི་རེད། ང་ཚོ་བོད་པ་ཚོས་ཆུང་ཆུང་སྐབས་ནས་བློ་རིགས་དང་རྟགས་རིགས་ཀྱི་སྡོམ་བློ་ལ་བཟུང་ནས་ལྟ་སྲོལ་ཡོད་པ་ཧ་ཅང་མིག་ལྟོས་ཡག་པོ་རེད། ཅེས་དང་། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་སྔ་དགོང་ཆུ་ཚོད་གཅིག་རེ་ལ་སྐྱོར་གྱི་ཡོད། ཡོངས་འཛིན་རྣམ་པ་གཉིས་ཕེབས་ཀྱི་རེད། བློའི་རིགས་དེ་གང་འདྲ་འགྲོ་དགོས་པ་དང་། དེ་ལ་གཏན་ཚིགས་ཀྱི་རིགས་པ་བཀོལ་ནས་འགྲོ་དགོས་པ་ལ་རྟགས་རིགས་ཧ་ཅང་ཡག་པོ་རེད། ཆུང་ཆུང་སྐབས་ནས་བློ་རྟགས་ཀྱི་སྡོམ་སྐྱོར་བ་དེས་འདོན་པ་འདོན་པ་དང་སྨོན་ལམ་བརྒྱབ་ནས་ཆོས་དང་རིག་གཞུང་བདག་པོ་བརྒྱབ་པ་མ་རེད། དེ་ནི་དངོས་གནས་མིག་ལྟོས་བཟང་པོ་ཞིག་རེད།

ངོས་རང་ལ་མཚོན་ན་ཏཱ་ལའི་བླ་མ་རེད་ཅེས་བཞུགས་ཁྲིའི་སྒང་དུ་སྡོད་ཀྱི་ཡོད་ཀྱང་། དཔེ་ཆ་སྐྱོར་དུས་བློ་རིགས་དང་རྟགས་རིགས་ཀྱི་སྡོམ་ཧུར་ཐག་འབད་ཐག་གིས་སྐྱོར་བ་ཡིན། ཕན་ཐོགས་ཆེན་པོ་འདུག དེ་དུས་དོན་དག་ཤེས་ཀྱི་མེད་ལ་དོ་སྣང་མེད་ཀྱང་། དེང་སང་འཛམ་གླིང་འདིར་ནང་ཆོས་ཀྱི་སེམས་ཁམས་རིག་པའི་འགྲོ་སྟངས་ལ་དོ་སྣང་གསར་པ་སླེབས་དུས་ཆུང་ཆུང་སྐབས་བློ་རྟགས་བློ་ལ་བཟུང་ནས་ཉིན་ལྟར་སྐྱོར་བ་དེས་དངོས་གནས་ཕན་ཐོགས་ཡོད་པ་དང་། དགོས་པ་རྒྱུ་མཚན་ཡོད་པ་ཞིག་མཐོང་གི་འདུག དེང་ནང་ཆོས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ནང་ཆོས་རིགས་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ལ་དོ་སྣང་གསར་པ་སླེབས་སྐབས་ཆུང་ཆུང་སྐབས་ནས་བལྟས་པ་དེ་ཧ་ཅང་ཡག་པོ་རེད། ཕན་ཐོགས་ཆེན་པོ་འདུག བོད་ལ་འདི་ལྟ་བུའི་སྲོལ་ཡོད་པ་ནི་ཧ་ཅང་ཡག་པོ་རེད། ཅེས་དང་།

དེ་ནས་༸གོང་ས་མཆོག་གིས་འཇམ་དབྱངས་བསྟོད་པ་གང་བློ་མའི་ལྗགས་ལུང་སྩལ་ཏེ་གཟུངས་སྔགས་ཨ་ར་པ་ཙ་བརྒྱ་སྐོར་གྲངས་གསོག་མཛད་རྗེས་བཀའ་སློབ་སྩོལ་དོན། ཨ་ར་པ་ཙ་སྔགས་ཐུང་ཐུང་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་རེད། ངོས་རང་ཆུང་ཆུང་སྐབས་སུ་སྐུ་འབུམ་གྱི་ཚོགས་ཆེན་ཕྱོགས་ནས་ཡར་འགྲོ་དུས་ཨ་ར་པ་ཙ་བགྲང་སྡོད་པ་ཧ་ཅང་གསལ་པོ་དྲན་གྱི་འདུག ཆུང་ཆུང་སྐབས་ནས་གོམས་འདྲིས་ཡོད་པ་ཞིག་དང་། ཨ་ར་པ་ཙ་བགྲང་ནས་སྐལ་པ་བཟང་པོ་ཡིན་བསམ་གྱི་འདུག སྔ་མོ་བོད་ལ་ཡོངས་འཛིན་ཕུར་ལྕོག་ཡིན་ནམ་གཅིག་མཇལ་ཁ་ཞིག་ཞུ་བར་ཕྱིན་པའི་སྐབས་སུ་བླ་མ་ཞིག་གིས་ཁྱེད་རང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་སྐྱེས་རེད་ཅེས་གསུངས་དུས། ཕུར་ལྕོག་རིན་པོ་ཆེས་ང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐྱེ་བ་གང་ཤེས་ཀྱང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཁྱིམ་མཚེས་ཡིན་ཞེས་བཤད་ཡོད། ངོས་ནས་ཀྱང་ཕལ་ཆེར་དེ་བརྗོད་ཆོག་གི་མེད་འགྲོ་བསམ་གྱི་འདུག རྗེ་བཙུན་འཇམ་པའི་དབྱངས་ཁྱིམ་མཚེས་བྱས་ཏེ་ཆུང་ཆུང་སྐབས་ནས་འདྲིས་བསྡད་པ་ཞིག་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ནང་པའི་ལྟ་གྲུབ་ཙམ་མ་ཡིན་པར་ཆོས་ལུགས་འདྲ་མི་འདྲའི་ལྟ་གྲུབ་དང་། དེང་སང་གི་ཚན་རིག་བཅས་ཀྱི་ཐོག་ལ་ངོས་ཀྱི་རྣམ་དཔྱོད་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་ཕལ་ཆེར་ཡོད་པ་ལྟ་བུ་འདུག དེར་བརྟེན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཁྱིམ་མཚེས་ཡིན་ཞེས་སྔ་མོ་གསུངས་པའི་ལོ་རྒྱུས་ཡོད་པ་རེད་ལ། ངོས་རང་ལ་ཆ་བཞག་ནའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཁྱིམ་མཚེས་ཡིན་ཞེས་བཤད་ཆོག་གི་མེད་དམ་བསམ་གྱི་འདུག

ང་ཚོ་བོད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགའ་རབ་ཡག་པོ་རེད། ཁྱོད་ཚོ་སློབ་ཕྲུག་ཚོར་མཚོན་ན་ཤེས་རབ་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་ལ་དོ་སྣང་བྱས་པ་ཡིན་ན་སློབ་སྦྱོང་གང་ལ་བྱས་ཀྱང་། མགྱོགས་པོ་ཤེས་པ་དང་། མགྱོགས་པོ་ཤེས་པ་ཙམ་དུ་མ་ཟད་པའི་ཚིག་རེ་རེའི་དོན་དག་གང་ཡིན་ལ་བསམ་བློ་ཟབ་པོ་གཏོང་ཐུབ་པ་ཞིག་རེད། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད་ཟེར་བའི་བསམ་བློ་དེ་ཧ་ཅང་གལ་ཆེན་པོ་རེད། དངོས་ཟིན་གྱི་ཚིག་གིས་དོན་དག་གང་བཤད་པ་དེ་ཡིན་པ་རེད་ཟེར་བ་ཙམ་མིན་པར། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད་ཟེར་ནས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་འདུག སློབ་ཕྲུག་ཚོས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ཆེད་ཨ་ར་པ་ཙ་ཡག་པོ་བགྲང་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་པ་ཡིན་ན་བློ་གྲོས་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་ཧ་ཅང་ཡག་པོ་ཡོང་ཐུབ་ཀྱི་རེད། ཁྱོད་ཚོས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས་ཨ་ར་པ་ཙ་ཡག་པོ་བགྲོངས། ཧུར་ཐག་བྱོས། ཞེས་མགོན་པོ་གང་ཉིད་མཆོག་གིས་སྔགས་ཀྱི་ཐོག་མ་ཨ་ར་པ་ཙ་བགྲངས་ཡོད་པ་སོགས་བཀའ་སློབ་སྩལ་རྗེས། དབུ་མའི་ལྡེ་མིག་གི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།

ཉིན་གཉིས་ཆོས་འབྲེལ་གནང་སྐབས་༸རྒྱལ་བ་རིན་པོ་ཆེ་ཡིས་བཀའ་སྩལ་དོན། དེ་རིང་འདིར་ང་ཚོའི་ངོ་བོ་ལྟ་བུ་ནི་བཙན་བྱོལ་བ་ཆགས་ཡོད། ཡིན་ནའང་། རྒན་གཞོན་ཚང་མ་སློབ་སྦྱོང་ལ་དོ་སྣང་ཡོད་པ་རེད། སྐབས་སུ་བབ་པ་སློབ་ཕྲུག་ཕོ་མོ་མང་པོ་ཞིག་གིས་རྟགས་གསལ་བཏང་ནས་རྒྱུན་དུ་དོ་སྣང་ཡོད་པའི་རྟགས་རེད། གཞན་གདན་ས་ཚོ་དང་ཆོས་ར་འགྲིམས་མཁན་ཚོས་རྟགས་གསལ་གཏོང་བ་མ་གཏོགས། སྤྱིར་བཏང་སྤྱི་འགྲོས་སྤྱི་མཚུངས་ཀྱིས་རྟགས་གསལ་གཏོང་བར་དེ་ཙམ་གོམས་འདྲིས་ཡོད་པ་མ་རེད། ང་ཚོ་འདིར་བཙན་བྱོལ་བ་ཆགས་ཡོད་དུས་ཁྱོད་ཚོ་གཞོན་སྐྱེས་ཚོས་རྟགས་གསལ་གཏོང་བའི་ཐོག་ལ་དོ་སྣང་བྱེད་པ་དེ་ཧ་ཅང་ཡག་པོ་རེད། སངས་རྒྱས་པའི་ཆོས་རྩོད་པ་བརྩད་ནས་འགྲོ་བ་དེ་ནཱ་ལེནྡྲའི་ཕྱག་སྲོལ་ཆགས་ཡོད། བོད་ནང་དུ་ཆ་བཞག་ན་སེ་འབྲས་སོགས་སུ་རྩོད་པ་རྩོད་རྒྱུ་ཧ་ཅང་ཡག་པོ་ཡོད་ཀྱང་། སྤྱི་ཡོངས་ནས་མི་སྐྱ་ཕོ་མོ་སློབ་གྲྭ་བཅས་ཀྱི་ནང་དུ་དེ་ཙམ་གྱིས་དར་སྲོལ་ཆེ་བ་ཡོད་པ་མ་རེད། འདིར་བཙན་བྱོལ་བ་བྱེད་པའི་སྐབས་སུ་ཁྱེད་རང་ཚོ་སློབ་ཕྲུག་ཕོ་མོ་དང་། སེར་སྐྱ་དབྱེ་བ་མེད་པར་ཚང་མས་དོ་སྣང་བྱས་ཏེ་རྩོད་པ་རྩོད་པ་དང་། རྟགས་གསལ་གཏོང་བ་ཧ་ཅང་ཡག་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་བྱེད་པའི་གནས་ཚུལ་གཅིག་པུ་མ་ཡིན་པར་འཛམ་གླིང་འདིར་སྟོན་ཐུབ་པ་ཞིག་རེད། བསྡུས་གྲྭ་བསླབ་པའི་སྐབས་ནས་རྟགས་གསལ་གཏོང་བའི་འགྲོ་སྟངས་ཤེས་ཡོང་སྐབས་ཕན་ཐོགས་ཆེན་པོ་ཡོད་པ་རེད། འདིར་སློབ་གྲྭ་བ་ཚོས་རྟགས་གསལ་བཏང་ནས་གོམས་གཤིས་འཇགས་ཡོང་གི་ཡོད་པ་རེད། དཔེ་མི་སྲིད་པའི་ཡག་པོ་རེད། ང་ཚོས་འདིར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་གང་འདྲ་ཞིག་བྱེད་བཞིན་པ་མཚོན་ཐུབ་པ་ཞིག་རེད། ཁྱོད་ཚོ་ཚང་མས་ཧུར་ཐག་བྱས་ཏེ་ཧ་ཅང་ཡག་པོ་རེད།

འཛམ་གླིང་འདིར་བཙན་བྱོལ་བ་མང་པོ་ཡོད་པ་རེད་དེ། བོད་པ་རྣམས་ཚགས་ཚུད་ཤོས་དང་གྲུས་ཤོས་ཡིན་པ་ལྟ་བུ་འདུག ཚང་མས་ད་ལྟའི་བར་དུ་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱས་པ་རེད། ད་དུང་ཡང་འཛམ་གླིང་འདིར་སེམས་ཤུགས་བསྐྱེད་རྒྱུར་ཧུར་ཐག་བྱེད་དགོས། ངོས་རང་ཆུང་ཆུང་སྐབས་སུ་མངར་ཟས་དགའ་རབ་ཟ་གི་ཡོད་ཀྱང་། སོ་ཧ་ཅང་ཡག་པོ་བསྡད་འདུག སོ་གཅིག་ཀྱང་བུད་མེད། རྨི་ལམ་ལ་དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྟེང་དུ་ཡོད་པ་དང་། ལུང་འདྲེན་ལྟ་བུར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་ཀྱི་རེད་ཅེས་གསུངས་པ་ཞིག་རྨིས་བྱུང་། རྨི་ལམ་ནང་བཞིན་གཟུགས་པོའི་གནས་སྟངས་བྱས་ན་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་པའི་བཟོ་ལྟ་འདུག གཙོ་ཆེ་ཤོས་ང་ཚོ་ཚང་མ་དད་པ་དམ་ཚིག་གཡེལ་བ་མེད་པར་བསྡད་ཡོད་པ་རེད། ངོས་ནས་ཆ་བཞག་ན་སེམས་ཅན་སྤྱི་དང་ལྷག་པར་དུ་གངས་ཅན་པོ་ཚོ་དང་། དེ་དང་འབྲེལ་ཡོད་ཀྱི་མི་སྣ་ཚོའི་དོན་དུ་ཞོགས་པ་ཡར་ལངས་པ་དང་སེམས་གཏིང་ནས་སྨོན་ལམ་རྒྱག་གི་ཡོད། ཁྱོད་ཚོ་ཚང་མ་བློ་བདེ་བོ་དང་སེམས་སྐྱིད་པོར་སྡོད། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་རྗེས་དབུ་མའི་ལྡེ་མིག་གི་བཤད་ལུང་འཕྲོ་སྐྱོང་གནང་རྗེས་ཆ་ཚང་འགྲོ་མི་དགོས་པ་བཀའ་གནང་བ་དང་། ང་ཚོ་ཚང་མ་སྤྲོ་སེམས་འཁོལ་བས་འདུས་པ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཕུལ་རྒྱུ་བྱས་ན་མ་རེད་དམ། ཞེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཆུ་ཚོད་ ༩།༣༠ ལ་ཐེངས་འདིའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་སྟེ། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་ཞུས་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

ཡོང་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།