13
Thu, Jun

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༡༨ ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀར་ལུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོའི་རྗེས་གནང་བསྩལ་གནང་མཛད་སོང་། སྐབས་དེར། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག ཀར་ལུ་རིན་པོ་ཆེ་སོགས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ཚོགས་མང་ཡོངས་ནས་མགོན་པོའི་བསྟོད་པ་མྱུར་མཛད་མ་གསུང་འདོན་གནང་སོང་། ཀར་ལུ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ཁག་གི་མི་སྣས་གཙོས་འཛམ་གླིང་ཡུལ་ལུང་གང་ས་ནས་དད་ལྡན་ཆོས་ཞུ་བ་༨༥༠༠་ལྷག་ཆོས་ཞུ་བ་སླེབས་ཡོད་འདུག

༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་མགོན་པོ་ལྷ་བཞིའི་རྗེས་གནང་འབུལ་རྒྱུ་བྱས་པ་རེད། ངོས་རང་ནོར་གླིང་ནས་ཐོན་ཡོང་དུས་མགོན་པོ་ཕྱག་དྲུག་པའི་སྐུ་མདུན་དུ་སྨོན་ལམ་བརྒྱབ་པ་ཡིན། མགོན་པོ་ཕྱག་དྲུག་པས་དབུ་ལྕོག་ལྕོག་གནང་བ་ཞིག་དྲན་གྱི་འདུག འདིར་བཙན་བྱོལ་ལ་སླེབས་ནས་ལོ་འདི་གའི་རིང་ལ་མགོན་པོ་ཕྱག་དྲུག་པས་འཕྲིན་ལས་རྒྱུན་མི་ཆད་པར་གནང་བསྡད་པ་ཧ་ཅང་གསལ་བོ་རེད། དེ་རིང་འདིར་བཙན་བྱོལ་བ་བྱས་ཏེ་ཡོད་པའི་དད་ལྡན་སྐྱ་སེར་མང་པོ་ཞིག་གིས་མགོན་པོ་ཕྱག་དྲུག་པ་ལ་བློ་གཏད་བཅོལ་བ་རེད། དེ་ནས་འཛམ་གླིང་ཁྱོན་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་ཡོད་པ་དང་། ཏཱ་ལའི་བླ་མ་ཟེར་དུས་མགོན་པོ་ཕྱག་དྲུག་པའི་འཕྲིན་ལས་ཀྱིས་བསྐྱངས་བསྡད་པའི་གདུལ་བྱ་ཞིག་ཆགས་ཡོད། ངོས་ནས་ཧུར་ཐག་འབད་ཐག་བྱས་པ་རེད། མགོན་པོ་ཕྱག་དྲུག་པས་ཀྱང་འཕྲིན་ལས་རྒྱུན་མི་ཆད་དུ་གནང་བ་དེ་ལྟར་ཡིན། ཞེས་བཀའ་སློབ་སྩལ་རྗེས་མུ་མཐུད་མགོན་པོ་ཕྱག་དྲུག་པའི་བསྟོད་པ་མྱུར་མཛད་མ་གསུང་འདོན་དང་། ཀར་ལུ་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

ངོས་ཀྱི་ཨ་མ་ལགས་ཀྱིས་ང་ཚོའི་མགོན་པོ་ཞེས་གསུང་གནང་གི་རེད། ཧ་ཅང་སེམས་ཐག་ཉེ་བོ་བྱས་ཏེ་ང་ཚོའི་མགོན་པོ། ང་ཚོའི་མགོན་པོ་གསུང་གི་རེད། ངོས་རང་ནོར་བུ་གླིང་ག་ནས་ཐོན་ཡོང་སྐབས་མགོན་པོ་ཕྱག་དྲུག་པའི་སྐུ་མདུན་ལ་བཅར་ནས་གནས་སྐབས་རྒྱ་གར་ལ་བཙན་བྱོལ་དུ་འགྲོ་རྒྱུ་སྙན་སེང་དང་། རིམ་པས་བདེན་པའི་མཐའ་གསལ་རྒྱུར་མགོན་པོ་ལ་གསོལ་བ་བཏབ་པ་ཡིན། ནོར་བུ་གླིང་གའི་མགོན་པོ་ཕྱག་དྲུག་པ་ཞལ་འཛུམ་ནས་དེ་ག་རང་ཡོང་གི་རེད་ཅེས་ཞལ་བཞེས་མཛད་པ་ཞིག་ངོས་ལ་ཚོར་བ་ཡོང་གི་འདུག མགོན་པོ་ཕྱག་དྲུག་པ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། དངོས་ཡོད་གནས་ཚུལ་ལ་འདིར་ཚུར་བཙན་བྱོལ་དུ་སླེབས་ནས་མགོན་པོ་ཕྱག་དྲུག་པའི་འཕྲིན་ལས་རྒྱུན་མ་ཆད་པར་ཡོང་བ་དེ་འདྲ་རེད།

དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་མགོན་པོའི་རྗེས་གནང་བྱ་རྒྱུ་བྱས་པ་རེད། ངོས་རང་ཆུང་ཆུང་སྐབས་ནས་ནོར་གླིང་མགོན་པོ་ཁང་ལ་ཧ་ཅང་སེམས་ཐག་ཉེ་བོར་སྡོད་ཀྱི་ཡོད། ངོས་རང་ཕལ་ཆེར་མགོན་པོའི་གཅེས་ཕྲུག་ལྟ་བུ་ཆགས་ཡོད། ངོས་རང་མགོན་པོ་ཟེར་དུས་ཧ་ཅང་སེམས་ཐག་ཉེ་བོ་ཆགས་ཀྱི་ཡོད། གང་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པར་མགོན་པོ་ཕྱག་དྲུག་པའི་དགོངས་པ་ནང་བཞིན་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན། མགོན་པོ་ཕྱག་དྲུག་པའི་གཅེས་ཕྲུག་ལྟ་བུ་ཆགས་ཡོད། ད་ལྟའི་བར་དུ་དང་། དེ་སྔ་རྒྱ་ནག་ཏུ་ཡོད་པའི་སྐབས་སུ་ཡིན་ནའང་རེད། འདིར་བཙན་བྱོལ་དུ་སླེབས་ནས་ཡིན་ནའང་རེད། མགོན་པོ་ཕྱག་དྲུག་པ་ནམ་ཡང་གཡེལ་བ་མེད་པར་སྡོད་ཀྱི་ཡོད་པ་རེད། དེ་རིང་ང་ཚོ་འདིར་བཙན་བྱོལ་དུ་ཡོད་པ་ཚོས་རང་དབང་གི་གོ་སྐབས་འདིའི་སྟེང་ལ་མགོན་པོ་ཕྱག་དྲུག་པ་ལ་གསོལ་འདེབས་བྱེད་པ་དང་། རྗེས་གནང་བྱ་རྒྱུ་དེ་ལྟར་རེད། ནོར་བུ་གླིང་གའི་མགོན་པོ་ཁང་གི་མགོན་པོ་དེ་ལ་ངོས་རང་སྤོས་ཡོང་བའི་སྐབས་སུ་མཇལ་བ་རེད། ཞལ་འཛུམ་བསྟན་པ་དང་སྤྱན་འཛུམ་སྐྱོན་པ་ངོས་ཀྱིས་གསལ་བོ་དྲན་གྱི་འདུག མགོན་པོ་ཕྱག་དྲུག་པའི་ཐུགས་རྗེ་རྗེས་འཛིན་གཡེལ་བ་མེད་པར་ཡོད་པ་དེ་རེད།

དེ་རིང་འདིར་མགོན་པོའི་རྗེས་གནང་རེད། ཀ་ལུ་རིན་པོ་ཆེ་མགོན་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ཀར་ལུ་རིན་པོ་ཆེའི་སློབ་མ་ཚོའི་ཐུགས་རེ་རེད་ལ། ངོས་རང་ལ་ཆ་བཞག་ནའང་མགོན་པོ་ཕྱག་དྲུག་པ་གཞན་དང་མ་འདྲ་བ་ཞིག་རེད། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐོག་ལ་མགོན་པོ་ཕྱག་དྲུག་པ་ཧ་ལས་པའི་ཡག་པོ་རེད། ཅེས་བཀའ་སློབ་སྩལ་མཚམས་རྗེས་གནང་དབུ་འཛུགས་མཛད་དེ་མགོན་པོ་ལྷ་བཞིའི་དྲིལ་སྒྲུབ་ཀྱི་རྗེས་གནང་རིམ་པར་བཀའ་དྲིན་སྩལ།

མཐར་མཇུག་ཏུ་དགེ་བ་མྱུར་མཛད་མའི་ལུང་ཡིན་ཞེས་བཀའ་ཕེབས་ཏེ་མགོན་པོ་ཕྱག་དྲུག་པའི་བསྟོད་པ་མྱུར་མཛད་མའི་ལྗགས་ལུང་སྩལ་བ་དང་། མདུན་ན་བླ་མ་མགོན་པོ་དབྱེར་མེད་བྱས་ཏེ་ཡོད་པ་རང་ལ་ཐིམས་ནས་བྱིན་གྱིས་བརླབས་སོང་སྙམ་པ་བྱས། ངོས་ནས་མྱུར་མཛད་མ་རྒྱུན་དུ་འདོན་བཞིན་ཡོད། གང་ལྟར་མགོན་པོའི་རྣལ་འབྱོར་བ་ཆགས་ཡོད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། མགོན་པོའི་བྱིན་བརླབས་རང་གི་སྙིང་ཁ་ལ་ཞུགས་བསྡད་པ་དེས་ང་ལ་དགའ་མོས་བྱེད་མཁན་ཚོར་ཡང་མགོན་པོའི་བྱིན་རླབས་ལེགས་པར་ཐོབ་པའི་ཐོག་ནས་འདི་ཕྱི་དོན་ལྡན་ཡོང་བའི་སྨོན་ལམ་ཡག་པོ་ཞིག་སྐྱོན་ཤོག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཏེ་རྗེས་གནང་གི་ཆོས་འབྲེལ་ལེགས་པར་གྲུབ་སོང་།

ཡོངས་ཁུངས། ༸རྒྱལ་བ་རིན་པོ་ཆེའི་དྲ་ཚིགས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།