13
Thu, Jun

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༡༧ ཉིན། བོད་ཀྱི་བུད་མེད་ཀྱིས་བཞུགས་སྒར་རྡ་རམ་སའི་མོག་གྷན་ཁྲོམ་གཞུང་ནས་རྡ་ཤོད་ཀ་ཅ་རིའི་བར་དུ། ༧པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༡༧ ཉིན་ནི། ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དང་། ཁོང་གི་སྐུ་འཁོར་ནང་མི་རྣམས་རྒྱ་དམར་གཞུང་གིས་བཙན་འཁྲིད་བྱས་ནས་མི་ལོ་ཉེར་དགུ་ཧྲིལ་པོ་འཁོར་བའི་ཉིན་ཡིན་སྟབས། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བཞུགས་སྒར་རྡ་རམ་སའི་མོག་གྷན་ཁྲོམ་གཞུང་ནས་རྡ་ཤོད་ཀ་ཅ་རིའི་བར་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་ྋཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ནས་ཞི་བའི་གོམ་བགྲོད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་པའི་ཐོག བཞུགས་སྒར་རྡ་རམ་སའི་མོག་གྷན་ཁྲོམ་གཞུང་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་རྙིང་གཉིས་ཀ་དང་ཚོགས་པ་དེའི་ཚོགས་མི། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་གིས་འཛིན་བཟུང་འཛིན་འཁྲིད་བྱས་ནས་མི་ལོ་ཧྲིལ་པོ་ཉེར་དགུ་འཁོར་བའི་ཉིན་ལ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། ༧པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་སོང་། དེ་བཞིན་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐོར་མི་མང་ལ་གོ་རྟོགས་སྤེལ་ཆེད་བཞུགས་སྒར་རྡ་རམ་སའི་མོག་གྷན་ཁྲོམ་གཞུང་ནས་རྡ་ཤོད་ཀ་ཅ་རིའི་བར་དུ་ཞི་བའི་གོམ་བགྲོད་གནང་སོང་། སྐབས་དེར། ༧པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས། བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་སྐད་འབོད་གནང་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཚོགས་པ་དེའི་བསྒྲགས་གཏམ་ཀློག་དོན། དེ་རིང་གི་ཉིན་མོ་ནི་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དང་། ཁོང་གི་སྐུ་འཁོར་ནང་མི་རྣམས་དང་། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དབུ་འཛིན་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་དང་བྱང་པ་ཅུང་ལགས་བཅས་རྒྱ་གཞུང་གིས་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཉི་ཤུ་རྩ་དགུ་ཧྲིལ་པོ་འཁོར་བའི་ཡིད་སྐྱོ་བའི་དུས་ཚིགས་གལ་ཆེ་ཞིག་ཡིན། ཞེས་དང་།

ཁོང་མོས་མུ་མཐུད་ནས་བརྗོད་དོན། ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ༡༩༨༩།༤།༢༥ ཉིན་བོད་ལྗོངས་ནགས་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང༌། ཡུམ་བདེ་ཆེན་ཆོས་སྒྲོན་རྣམ་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་དྲུག་ལ་ཕེབས་སྐབས་༡༩༩༥།༥།༡༤ ཉིན་སྤྱི་ནོར་ ༸གོང་སྋསྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཕྱག་ཡིག་བསྩལ་གནང་ཡོད། བོད་ཀྱི་སྔར་སྲོལ་ལྟར་ན་༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཕན་ཚུན་ཡང་སྲིད་ངོས་འཛིན་གནང་རེས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡོད། ༡༩༩༥།༥།༡༤ ཉིན་ཁོང་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་བསྐྱངས་གནང་ནས་ཉིན་གསུམ་རྗེས་༡༩༩༥།༥།༡༧ ཉིན་རྒྱ་ནག་དམར་གཞུང་གི་དགུང་གྲངས་དྲུག་ལས་མ་སོན་པའི་ྋཀུན་གཟིགས་༸པཎ་ཆེན་བཅུ་གཅིག་པ་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་འགྱུར་བའི་ཡིད་སྐྱོའི་གནས་སྟངས་ཆགས་ཡོད།

སྤྱིར་རྒྱ་ནག་གི་བཅའ་ཁྲིམས་ནང་འཁོད་ལྟར་ན་སྤྱི་འབངས་སུ་ཞིག་ཡིན་རུང་ལོ་༡༨ ལ་མ་སོན་བར་ཁྲིམས་ཀྱི་འགན་དབང་གང་ཡང་མེད་ཅེས་བཤད་ཡོད་ནའང་ནག་ཉེས་གང་ཡང་མེད་ཅིང་དགུང་གྲངས་དྲུག་ལས་མ་སོན་པའི་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བཙོན་བཅུག་བྱས་པ་དེ་ནི་རྒྱ་དམར་གཞུང་རང་གི་རྩ་ཁྲིམས་རང་གིས་རྡོག་བརྫིས་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བྱིས་པ་བཙན་འཁྲིད་རྐུ་འཁྱེར་གྱིས་ད་བར་མི་ལོ་ཉེར་དགུ་རིང་སུ་གཅིག་ཀྱང་མཇལ་འཕྲད་ཞུར་མི་བཅུག་པའི་བྱེད་སྟངས་འདི་ཧ་ཅང་སྡུག་རྩུབ་ཆེ་ཞིང་མི་སྤྱོད་ལས་འདས་པའི་དྲག་སྤྱོད་ཞིག་ཆགས་ཡོད། བྱེད་སྟངས་འདི་ནི་འཛམ་གླིང་སྟེང་རྒྱ་ནག་དམར་གཞུང་གི་ལོ་རྒྱུས་ཧ་ཅང་ངོ་ཚ་ཁ་སྐྱེངས་དགོས་པའི་གནས་དང་བསུབ་ཐབས་མེད་པའི་ནག་ཉེས་ཆེན་པོ་ཞིག་བསགས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་ཚེ་རིང་སྒྲོལ་མ་ལགས་ཀྱིས་བརྗོད་དོན། རྒྱ་གཞུང་ནས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་སྐོར་ཁྱབ་བསྒྲགས་སྤེལ་བཞིན་པ་ལྟར་ཡིན་ཚེ་༸པཎ་ཆེན་རིན་པོ་ཆེ་མཆོག་འདི་ལོ་དགུང་ལོ་༣༥ ལ་ཕེབས་པར་རྒྱ་ནག་གིས་དམ་བསྒྲགས་འོག་བཞུགས་དོན་མེད་སྟབས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་བཞིན་མི་མང་ལ་རང་དབང་ཡོད་པ་ལྟར་སྤྱི་མཚུངས་ཀྱིས་ཁོང་ལའང་རང་ཐག་རང་གཅོད་ཀྱི་སྨྲ་བརྗོད་ཐོབ་ཐང་ཡོད་དགོས་པ་རེད། འཛམ་གླིང་སྟེང་དངོས་འབྲེལ་ཐོག་ཞལ་མཇལ་དང་སྐུ་ན་སོན་པའི་སྐུ་དཔར་ཞིག་ཀྱང་མཇལ་རྒྱུ་མེད་པ་དེ་ཧ་ཅང་བློ་ཕམ་དང་། རྒྱལ་སྤྱིའི་མི་སྣ་གྲགས་ཅན་སུ་གཅིག་དང་མཇལ་འཕྲད་ཞུས་བཅུག་གི་མེད་པ་དེ་ནི་རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་སྣང་མེད་དང་མཐོང་ཆུང་ལས་བརྩིས་འཇོག་རྩ་བ་ནས་ཞུ་གི་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ཁོང་མོས་མུ་མཐུད་ནས་བརྗོད་དོན། རྒྱ་ནག་དམར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་པ་འདིས་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཁྱད་གསོད་དང་། མཐོང་ཆུང་། བརྩིས་མེད་རྡོག་རོལ་དུ་བཏང་བ་གསལ་པོ་མཚོན་ཐུབ་ཀྱི་ཡོད། བོད་མི་རིགས་དང་རིག་གཞུང་ལ་བརྩི་འཇོག་དང་ཤེས་རྟོགས་ཐུབ་པ་དགོས་ན་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་རིག་གཞུང་གཉིས་ཁ་འབྲལ་ཐབས་མེད་པ་དེ་ངེས་པར་ཤེས་དགོས།

དེ་རིང་གི་ཉིན་མོ་འདིར་བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས་སུ་སྐུ་ལས་དུ་མ་སྐྱོན་གནང་ཡོད་པའི་ལོ་རྒྱུས་ལྡན་པའི་ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རིན་པོ་ཆེ་མཆོག་ལོ་ངོ་ཉི་ཤུ་རྩ་དགུ་རིང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འདི་ནི་བོད་མི་ཙམ་མ་ཟད་འཛམ་གླིང་ནང་མི་མང་པོ་ཞིག་གིས་སེམས་ཚབས་ཆེན་པོ་གནང་གི་ཡོད། རྒྱ་དམར་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་མི་རིགས་རྩ་གཏོར་གྱི་ངན་བྱུས་སྲིད་བྱུས་དེར་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་བྲལ་ཏེ། བོད་ནང་གཙོ་བོར་གྱུར་བའི་དཔའ་བོ་དཔའ་མོ་༡༦༩ བརྒལ་བས་ཐོབ་དཀའ་བའི་མི་ལུས་རིན་ཆེན་མེར་བསྒྲོན་ཏེ། རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་བཟོད་དཀའ་བའི་དཀའ་ངལ་དེ་དག་རྒྱལ་སྤྱིའི་ཐོག་གསལ་སྟོན་གནང་ཡོད།

༸པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་ཐོབ་ནས་༸རྒྱལ་དབང་ཡབ་སྲས་གཉིས་གསེར་ཞལ་ལྷན་འཛོམས་ཐོག་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་མ་འཁོད་བར་དུ་མུ་མཐུད་འཚོལ་ཞིབ་རྩད་གཅོད་ཀྱི་ལས་འགུལ་བློས་གཏོང་བྱེད་ཀྱི་མིན་ཅེས་བརྗོད་རྒྱུ་དང་སྦྲགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་གོ་སྐབས་འདིའི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་དེ་རིང་གིས་ཉིན་མོར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་གྱུར་བའི་མི་རྣམས་ལ་རྟོག་ཞིབ་བྱེད་མཁན་གྱི་ཚན་པ། གྲོས་ཚོགས་འཐུས་མི་རྣམ་པ། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ། རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་གཤམ་འཁོད་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཐོག་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༡༽ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནས་སྟངས་དང་ཁོང་གང་དུ་བཞུགས་ཡོད་པ་ཕྲལ་དུ་འཛམ་གླིང་སྟེང་བསལ་སྟོན་བྱེད་དགོས།
༢༽ ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དབུས་པའི་ཉེས་པ་གང་ཡང་མེད་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་དགོས་པ།
༣༽ རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མྱུར་སེལ་དང་བོད་ནང་གི་བོད་མི་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་དགོས་པ།
༤༽ རྒྱ་ནག་དམར་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ཟེར་བ་དེ་བཞིན་མཚམས་འཇོག་བྱས་ཏེ། བོད་ཕྲུག་བྱིས་པ་ཚོར་རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར། སོ་སོའི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་ཐོབ་ཐང་སྤྲོད་དགོས་པའི་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ། ཞེས་ཚོགས་གཙོ་གསར་པས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།