13
Thu, Jun

བོད་ཁྱིམ་སློབ་གྲྭའི་སློབ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ ༥ ཚེས་༡༥ ཉིན་སྤེལ། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་པོའི་ནང་དུ་བོད་པའི་སློབ་ཕྲུག་ཁྱོན་༡༩༦༩ འཛུལ་ཞུགས་བྱས་ཡོད་ཅིང་། བོད་པའི་སློབ་གྲྭ་ཁག་ཅིག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མ་ནས་ཨང་དང་པོ་ལེན་ཡོད་འདུག དེ་བཞིན་འདི་ལོ་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་བུ་མོ་གཉིས་ཀྱིས་ཡིག་རྒྱུགས་བརྒྱ་ཆ་༩༥ ཡར་བླངས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༡༣ ཉིན། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱས་འདུག འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་པོའི་ནང་དུ་ཞུགས་མཁན་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་༡༨༤༡༧་ནང་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་བོད་པའི་སློབ་གྲྭ་ཁག་གིས་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་༩༩་༢༣་བླངས་ནས་ཨང་དང་པོ་ལེན་ཡོད་འདུག གནས་ཚུལ་དེ་རྒྱ་གར་གསར་ཁང་ཁག་ཆེ་གྲས་ནང་དུ་ཚ་ཚ་འུར་འུར་སྤེལ་བཞིན་འདུག

ཕྱི་ལོ་༢༠༢༤ ཟླ་ ༢ ཚེས་ ༥ ནས་ཟླ་ ༤ ཚེས་ ༢ བར། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་པོའི་ནང་དུ་བོད་པའི་སློབ་གྲྭ་ ༡༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༩༦༢ འཛུལ་ཞུགས་བྱས་ཡོད་པ་དང་། དེའི་ནང་ནས་སློབ་གྲྭ་ ༡༡ གི་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ ཡིན་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༦༩ དང་། ཆ་སྙོམས་བརྒྱ་ཆ་ ༧༥་༠༡ ཐོབ་ཡོད་འདུག

འཛིན་རིམ་བཅུ་གཉིས་ཁྲོད་ནས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བུ་མོ་སྐལ་ལྡན་ཚེ་རིང་གིས་བརྒྱ་ཆ་ ༩༥་༢ དང་། རིན་ཆེན་ཀརྨ་མཚོ་མོས་བརྒྱ་ཆ་ ༩༥ བླངས་ཏེ་ཤེས་རིག་ལས་ཁུངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་ཅིང་། ཁོ་མོ་གཉིས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ བོད་མིའི་མང་གཙོའི་ཉིན་མོའི་གཞུང་འབྲེལ་མཛད་སྒོར་ལག་ཁྱེར་དང་གློག་ཀླད་རེ་གནང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ནས་ཟླ་ ༣ ཚེས་ ༡༣ བར། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་པོའི་ནང་དུ་བོད་པའི་སློབ་གྲྭ་ ༢༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༡༠༠༧ ཡིས་འཛུལ་ཞུགས་བྱས་ཡོད་འདུག དེའི་ཁྲོད་ནས་སློབ་གྲྭ་ ༡༣ གིས་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ བླངས་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༡༢ དང་། ཆ་སྙོམས་བརྒྱ་ཆ་ ༦༣་༣༠ ཐོབ་ཡོད་འདུག

སྤྱིར་བོད་པའི་སློབ་གྲྭ་ཡོངས་ནས་ཧར་པ་སྤུར་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་ཤ་ཡ་ནཱ་ (Shayna) ཡིས་བརྒྱ་ཆ་ ༩༧་༤ ཐོབ་སྟེ་འཛིན་རིམ་བཅུ་གཉིས་ནང་ཨང་དང་པོ་དང་། དེ་བཞིན་སློབ་གྲྭ་དེ་ཉིད་ཀྱི་སློབ་མ་རཱི་ཤི་ཏཱ་ (Rishita) ཡིས་བརྒྱ་ཆ་ ༩༦་༢ ཐོབ་སྟེ་འཛིན་རིམ་བཅུ་པའི་ཁྲོད་ནས་ཨང་དང་པོ་བཅས་བླངས་འདུག

བོད་ཁྱིམ་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྩེ་ཕུད་སློབ་མ་ཁག་ནི། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བུ་མོ་སྐལ་ལྡན་ཚེ་རིང་གིས་བརྒྱ་ཆ་ ༩༥་༢ དང་། རིན་ཆེན་ཀརྨ་མཚོ་མོས་བརྒྱ་ཆ་ ༩༥། པད་འབྱོར་མེན་ཏོག་གིས་བརྒྱ་ཆ་༩༤་༨་བཅས་བླངས་ཡོད་འདུག དེ་ནས་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་རང་གྲོལ་གྱིས་བརྒྱ་ཆ་༩༤་༨་དང་། སློབ་མ་ཚེ་རིང་ཆོས་འཕེལ་གྱིས་བརྒྱ་ཆ་༩༤་༦། བསོད་ནམས་བཟང་པོ་ཡིས་བརྒྱ་ཆ་༩༤་བཅས་བླངས་ཡོད་འདུག དེ་ནས་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་ཉིད་ཀྱིས་བརྒྱ་ཆ་༩༤་དང་། བསྟན་འཛིན་ལྷ་མོ་ཡིས་བརྒྱ་ཆ་༩༡་༢། བསྟན་འཛིན་བདེ་ཆེན་གྱིས་༨༦་༨་བཅས་བླངས་ཡོད་འདུག

འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འབྲེལ་ཡོད་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཡི་རང་བསྔགས་བརྗོད་ཞུས་པ་ཡོད་པ་མ་ཟད་མ་འོངས་པའང་མུ་མཐུད་ཤུགས་རྒྱག་དགོས་པའི་སྐུལ་མ་གནང་ཡོད་འདུག

ཤེས་རིག་ལས་ཁུངས་ནས་ད་ལན་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གང་ལེགས་བྱུང་བར་སློབ་ཕྲུག་ཚོའི་ཕ་མ་དང་འཛིན་སྐྱོང་གི་རྒྱབ་སྐྱོར་ཐོག་འབྲེལ་ཡོད་སློབ་ཕྲུག་དང་དགེ་རྒན་རྣམས་ནས་སློབ་དུས་ཧྲིལ་པོར་དཀའ་ལས་རྒྱག་པའི་འབྲས་བུ་ཡིན་པ་བསྟན་གྱི་ཡོད། ཅེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།