19
Fri, Apr

ཕྱི་ལོ་༢༠༢༣ ཟླ་༥ ཚེས་༢༡ ཉིན། བོད་མི་གོམ་བགྲོད་བ་ཚོས་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ། པར། གཞོན་ལྷན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་ ༥ ཚེས་ ༢༤ ཉིན་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་གཅིག་ཙམ་གྱི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཀྱི་ལས་འགུལ་ཨ་སམ་མངའ་སྡེའི་ཏིཛ་སྤུར་ལ་མཇུག་སྡུད་གནང་འདུག གོམ་བགྲོད་ཀྱི་ལས་འགུལ་བརྒྱུད་ནས་ས་གནས་མི་མང་ལ་བོད་དོན་གོ་རྟོགས་ཡག་པོ་སྤེལ་ཐུབ་ཡོད་པ་དང་རྒྱ་གར་གསར་ཁང་ཆེ་ཁག་ནང་བོད་དོན་ཐོག་གནས་ཚུལ་སྤེལ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཀྱི་ལས་འགུལ་དེ་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་འགོ་འཛུགས་ཀྱིས་རྒྱ་གར་བྱང་ཤར་བྷེང་གྷལ་བརྒྱུད་ཨ་སམ་མངའ་སྡེའི་ཏིཛ་སྤུར་བར་སྤྱི་ལེ་༧༠༠་ལྷག་དང་ཉིན་ཉེ་དྲུག་རིང་གནང་རྗེས་མཇུག་སྡུད་གནང་འདུག ཐེངས་འདིའི་གོམ་བགྲོད་ལས་འགུལ་ནང་དུ་བོད་མི་༨༠་ལྷག་འཛུལ་ཞུགས་གནང་འདུག

ཞི་བའི་གོམ་བགྲོད་བ་རྣམས་ཀྱིས་གོམ་བགྲོད་གནང་ཞོར་མི་མང་ལ་བོད་དོན་དང་འབྲེལ་བའི་ཡིག་ཆ་ཁྲི་ཚོ་ཁ་ཤས་འགྲེམས་སྤེལ་བྱས་ཡོད་པ་དང་། ལས་འགུལ་འདི་བརྒྱུད་ནས་ས་གནས་མི་མང་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཡག་པོ་སྤེལ་ཐུབ་ཡོད་པ་མ་ཟད། ས་གནས་གསར་འགྱུར་བརྒྱུད་ལམ་དང་རྒྱ་གར་གསར་ཁང་ཆེ་ཁག་གིས་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་བའི་བོད་དོན་གྱི་གནས་ཚུལ་སྐོར་གསར་འགྱུར་སྤེལ་ཡོད་འདུག

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ཀྱི་ལས་འགུལ་ཀྱི་སྐོར་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ལ་བཅར་འདྲི་ཞུས་ཡོད། ཁོང་ལ་གོམ་བགྲོད་ཉིན་ག་ཚོད་འགོར་ཡོད་མེད་དང་ལམ་དབར་དཀའ་ངལ་ཅི་འཕྲད་ཡོད་མེད་སྐོར་འདྲི་སྐབས་ཁོང་གིས་ང་ཚོའི་ཞི་བའི་གོམ་བགྲོད་འདི་མངའ་སྡེ་གསུམ་གྱི་ནང་དུ་གོམ་བགྲོད་བྱས་ནས་སྤྱི་ལེ་༧༠༠་ཙམ་སྐོར་ནས་ཁྱོན་ཉིན་ཉེ་དྲུག་འགོར་སོང་། ཞི་བའི་གོམ་བགྲོད་གནང་མཁན་ཚང་མ་བློས་བཏང་བྱེད་མཁན་རྐྱང་ཡིན་དུས་དཀའ་ངལ་ཚང་མ་གདོང་ལེན་བྱེད་ཐུབ་ཀྱི་འདུག འོན་ཀྱང་། སྒང་ཏོག་དང་འབྲས་ལྗོངས་གནམ་གཤིས་གྲང་མོ་ཡིན་པ་དང་། བྱང་ཤར་བྷེང་གྷལ་ནང་གནམ་གཤིས་ཚ་བོ་ཡིན་དུས་གོམ་བགྲོད་བྱེད་སྐབས་གོམ་བགྲོད་བ་ཁ་ཤས་ཤིག་མགོ་ཡུ་འཁོར་བ་དང་ཁྲག་ཤེད་འཕེལ་བ་བཅས་བྱུང་སོང་། སྤྱི་བཏང་གོམ་པ་མང་པོ་བརྒྱབས་དུས་རྐང་པར་རྨ་དང་ཆུ་ལྒང་ཐོན་གྱི་འདུག ཅེས་བརྗོད་སོང་།

དེ་ནས་ཁོང་ལ་གོམ་བགྲོད་བརྒྱུད་ནས་བོད་དོན་གོ་རྟོགས་ཇི་ལྟར་སྤེལ་ཡོད་སྐོར་འདྲི་སྐབས། ཁོང་གིས་ང་ཚོ་ཁྲོམ་གཞུང་དང་སྲང་ལམ་གོམ་བགྲོད་བྱེད་སྐབས་ས་གནས་མི་མང་ཚོ་མར་ཐོན་ནས་དོ་སྣང་བྱས་པ་དང་ང་ཚོས་བཀྲམ་པའི་ཡིག་ཆ་དེ་ཚོ་ཕར་བླངས་པ་སོགས་བྱས་སོང་། ང་ཚོས་ཡིག་ཆ་འགྲེམས་རྒྱུ་ཁྲི་ཚོ་ཁ་ཤས་དཔེ་བསྐྲུན་བྱས་པ་ཡིན། དེ་དག་མ་འདང་ནས་ད་དུང་དཔེ་བསྐྲུན་བྱས་དགོས་བྱུང་སོང་། དེ་བཞིན་ས་གནས་གསར་འགྱུར་བརྒྱུད་ལམ་ནས་གོམ་བགྲོད་སྐོར་གནས་ཚུལ་སྤེལ་སོང་བ་མ་ཟད། རྒྱ་གར་གྱི་གསར་འགྱུར་ཆེ་ཁག་གི་བརྒྱུད་ལམ་ནས་ཀྱང་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་སྐོར་ལ་གསར་འགྱུར་ཐོན་ཡོད་རེད། དེར་བརྟེན། གང་སྤྱིའི་ཐད་ནས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཡག་པོ་དང་རྒྱ་ཆེན་པོ་སྤེལ་ཐུབ་སོང་། ཞེས་བརྗོད་སོང་།

ཁོང་ལ་ཞི་བའི་གོམ་བགྲོད་འདི་བརྒྱུད་ནས་ཚོར་བ་གང་བྱུང་མེད་སྐོར་འདྲི་སྐབས། ཁོང་གིས་རང་ཉིད་ལ་མཚོན་ན་དགའ་ཚོར་བྱེད་དགོས་པ་ནི། བོད་དོན་ལས་འགུལ་གཞི་རྒྱ་ཆེན་པོ་འདི་འདྲ་སྤེལ་དུས། བོད་མི་ཚོས་དང་བླངས་ངང་ནས་འཛུལ་ཞུགས་གནང་བ་དང་། དེ་བཞིན་ང་ཚོ་ས་གནས་གང་དུ་སླེབས་ཀྱང་ས་གནས་གཞོན་ནུ་དང་ས་གནས་བུད་མེད་ལྷན་ཚོགས་གཙོས་པའི་ས་གནས་སྐུ་ཚབ་དང་བོད་མི་ཚོས་སྣེ་ལེན་ཞུ་རྒྱུ་དང་ཆུ་མངར་མོ་སྤྲད་པ་སོགས་ཚང་མས་བོད་དོན་ཐོག་ལྷག་བསམ་རྣམ་དག་གི་རོགས་རམ་གནང་གི་འདུག ད་དུང་དྲ་ཐོག་ནས་དགའ་རྟགས་གནང་བ་དང་ཞབས་འདེབས་གནང་བ་བཅས་བྱས་ནས་ང་ཚོའི་འཐབ་རྩོད་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ཅེས་བརྗོད་སོང་།

ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༢༠༢༣ ལོའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)ཞེས་པའི་ཚོགས་འདུའི་སྐབས་རྒྱ་གར་སྲིད་བློན་མོ་དྷིར་བོད་དོན་གླེང་སློང་དགོས་པའི་ནན་སྐུལ་ཞུ་རྒྱུ་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་བོད་དོན་ཐད་གླེང་སློང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གི་དམ་དྲག་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཐད་གོ་རྟོགས་སྤེལ་རྒྱུ་དང་། རྒྱལ་སྤྱིའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་རག་ཐབས་བྱ་རྒྱུ་དེ་ཡིན་འདུག དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཞེས་པའི་ཚོགས་འདུའི་ཚོགས་བཅར་བ་འགོ་ཁྲིད་གཞན་ཚོར་རྒྱ་ནག་སྲིད་གཞུང་ནི་དུས་ནམ་ཡང་ཡིད་ཆེས་དང་བློ་གཏད་བཅོལ་འོས་པའི་རྒྱལ་ཁབ་ཅིག་མ་ཡིན་པའི་བརྡ་ལེན་གསལ་པོ་སྤྲད་རྒྱུ་མ་ཟད། བོད་རྒྱའི་དཀའ་རྙོག་ནི་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པས་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ད་ལེན་བོད་རྒྱའི་གནད་དོན་ཐོག་ངེས་པར་དུ་གླེང་སློང་དགོས་པའི་ནན་སྐུལ་ཞུས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།