28
Thu, Mar

ཕྱི་ལོ་༢༠༢༣་ཟླ་༤ཚེས་༡༧་ཉིན། རྡ་ས་མོག་གྷན་གྱི་སྤྱི་ཐང་དུ། བོད་མི་ཚོས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༤ཚེས་༡༧་ཉིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག སྔ་དྲོར་བཞུགས་སྒར་རྡ་རམ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་མི་མང་རྣམས་ཀྱིས་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་། དགོང་མོར། རྡ་ས་མོག་གྷན་གྱི་སྤྱི་ཐང་དུ། བོད་མི་ཚོས་༧གོང་ས་མཆོག་ལ་གསར་ལམ་བརྒྱུད་ལམ་ཁག་ཁ་ཤས་ནས་གཞི་མེད་སྐྱོན་འཛུགས་བྱེད་མཁན་རྣམས་ལ་ཞི་བའི་གོམ་བགྲོད་དང་མར་མེ་ཁྲོམ་སྐོར་གྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག དབུས་ས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་མི་མང་རྣམས་ཀྱིས་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་། ཉིན་དེའི་དགོང་མོ་ཆུ་ཚོད་དྲུག་པའི་ཐོག རྡ་ས་མོག་གྷན་གྱི་སྤྱི་ཐང་དུ། རྡ་ས་ཁུལ་གྱི་བོད་མི་གཙོས་༧གོང་ས་མཆོག་དད་གུས་བྱེད་མཁན་བཅས་ཀྱིས་༧མགོན་པོ་གང་ཉིད་ལ་གསར་ལམ་བརྒྱུད་ལམ་ཁག་ཅིག་དང་སྤྱི་ཚོགས་དྲ་རྒྱ་ཁག་ནས་གཞི་མེད་སྐྱོན་འཛུགས་བྱེད་མཁན་རྣམས་ལ་ཞི་བའི་གོམ་བགྲོད་དང་མར་མེ་ཁྲོམ་སྐོར་གྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།

སྐབས་དེར། བོད་ཀྱི་བུད་མེད་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་འཁོད་དོན། བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིའི་ཐོག་བྱམས་བརྩེ་དང་བཟོད་བག་ཡངས་པའི་བདག་ཉིད་ཅན་ཞིག་ཆགས་ཡོད། སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཧྲིལ་པོར་ཞི་བདེ་དང་འཚེ་མེད་ཞི་བ་དང་སྐྱེ་འགྲོ་ཀུན་ལ་བྱམས་བརྩེ་སྤེལ་རྒྱུ་བཅས་ཀྱི་བསླབ་བྱ་མཛད་ཀྱི་ཡོད།

ཉེ་ཆར་རྒྱལ་སྤྱིའི་གསར་ཁང་ཁག་ཅིག་ཏུ་འདི་ལོའི་ཕྱི་ཟླ་༢ ཕྱི་ཚེས་༢༨ ཉིན། བཞུགས་སྒར་དྷརྨ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་ (M3M Foundation) ཐེབས་རྩེའི་དགེ་ལས་སློབ་ཕྲུག་བཅས་པར་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་གྲུབ་མཚམས་སུ། མགོན་པོ་གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་སྨིན་སྩལ་ལྟར། རྒྱ་གར་གྱི་བུ་ཆུང་ཞིག་གིས་༸གོང་ས་མཆོག་ལ་འཐམ་འཁྱུད་ཆོག་པའི་གནང་བ་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་ཐོག་གང་སར་འགྲོ་བཞིན་པའི་རྐྱེན་གྱིས་༸གོང་ས་མཆོག་གི་གསང་གསུམ་གྱི་མཛད་པ་འཕྲིན་ལས་ཤེས་རྟོགས་གང་ཡང་མེད་མཁན་རྒྱ་དཀར་ནག་གཙོས་ཕྱི་རྒྱལ་མི་རིགས་མི་ཉུང་བ་ཞིག་གིས་བསམ་བརྗོད་ལས་འདས་པའི་སྒྲོ་སྐུར་གྱིས་མཚན་ཤས་ཞུས་པ་དེས་རང་ཅག་བོད་མི་རྣམས་ལ་ཆེས་ཡིད་རྨུགས་དང་བློ་ཕམ་འགྱུར་གཞི་ལས་མ་འདས་གཤིས།

ངེད་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ཁྱེད་རྣམས་ལ་སྐབས་དེའི་མཛད་རིམ་དང་འབྲེལ་བའི་བརྙན་ཐུང་ཡོངས་རྫོགས་ཐུགས་ཞིབ་གནང་བའི་གཞེན་སྐུལ་དང༌། མགོན་པོ་གང་ཉིད་མཆོག་གིས་རྣམ་ཀུན་ནས་མཇལ་མང་དང་མང་ཚོགས་ཁྲོད་དུ་ཐུགས་ལ་སྣང་བ་རྣམ་རྟོག་གི་ནོངས་པ་གང་ཡང་མེད་པར་སྐུ་རྩེད་ཀུ་རེ་མཛད་པ་དང་སྦྲགས་ཏེ། ཐུགས་བརྩེ་ཆེན་པོས་བྱམས་བརྩེ་མཛད་ཀྱི་ཡོད་པ་ནི་མཁྱེན་དགོས་གནད་ཆགས་ཡོད་ཅེས་དྲན་སྐུལ་ཞུ་རྒྱུ་ཡིན།

༡༽ ཐེངས་འདིའི་གསར་འགོད་ལྷན་ཚོགས་ཀྱི་གོ་སྐབས་དམ་འཛིན་གྱིས་ཕྱིའི་གསར་ཁང་ཁག་ནས་བདེན་མིན་གྱི་གསར་འགྱུར་སྤེལ་བར་དགོངས་སེལ་ངེས་ཞུ་དགོས་པར་མ་ཟད། ལྷག་དོན་སླད་མར་བདེན་མིན་གྱི་གསར་འགྱུར་འདི་རིགས་མི་སྤེལ་བའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན།

༢༽ རྒྱ་གར་དབུས་གཞུང་གི་རྟོག་ཞིབ་ལས་ཁང་གིས་གོང་གནད་ཐོག་རྟོག་ཞིབ་མཐིལ་ཕྱིན་དོན་འབྲས་སོན་པ་ཞིག་གནང་སྐྱོང་ཡོང་བའི་རེ་སྐུལ་བསྐྱར་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།