24
Wed, Apr

༧སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག སྐུ་པར། བླ་མ་བཟོད་པ་རིན་པོ་ཆེའི་་ངོ་དེབ་ལས་བླངས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༤་ཚེས་༡༤་ཉིན་སྤེལ། ཁ་སང་༧སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པ་དང་། ད་ལྟར་རིན་པོ་ཆེ་མཆོག་ཐུགས་དམ་བཞུགས་མུས་ཡིན་འདུག བླ་མ་བཟོད་པ་རིན་པོ་ཆེ་མཆོག་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ནང་ཆོས་སྤེལ་མཁན་ཐོག་མ་གྲས་ཡིན་པ་དང་། རྒྱལ་ཁབ་ཁག་༣༧་ཙམ་ནང་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ཡན་ལག་ཆོས་ཚོགས་༡༥༤་ཙམ་འཛུགས་གནང་མཛད་ཡོད་འདུག དེ་བཞིན་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ནང་གི་དགོན་སྡེ་ཁག་དང་བཙུན་དགོན། སློབ་གྲྭ དྲྭ་ཕྲུག་ཁང་སོགས་ལ་རོགས་སྐྱོར་གནང་མཁན་གྱི་བླ་མ་བཀའ་དྲིན་ཅན་ཞིག་ཡིན་འདུག

དེ་ཡང་། བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༡༡་ཉིན་ནས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་བལ་ཡུལ་གྱི་བཙུམ་ཡུལ་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་པ་སྐྱོང་བཞིན་ཡོད་འདུག འོན་ཀྱང་། རི་མཐོ་བ་དང་སྲོག་རླུང་ཉུང་བའི་རྐྱེན་གྱིས་རིན་པོ་ཆེ་མཆོག་སྙུང་གཞི་བཞེས་ཡོད་འདུག དེ་ནས་ཕྱི་ཚེས་༡༣་ཉིན་ཛ་དྲག་གི་ཐོག་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཌུ་རུ་སྨན་བཅོས་བྱེད་ཆེད་ཕེབས་ཡོད་ཀྱང་། དྲག་བསྐྱེད་མ་བྱུང་ནས་ཚེས་དེའི་སྔ་དྲོའི་ཆུ་ཚོད་༩ དང་ཕྱེད་ཀ་ཙམ་ལ་ཀ་ཐུ་མན་ཌུ་རུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་ཏེ་ཐུགས་དམ་བཞུགས་བཞིན་ཡོད་འདུག

ྋསྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་༡༩༤༦ལོར་བལ་བོད་མཐའ་མཚམས་ཤར་ཁུམ་བུའི་ཁུལ་དུ་སྐུ་འཁྲུངས། བྱིས་པ་ཆུང་ངུའི་དུས་ནས་སྦྱིན་པ་གཏོང་བ་ལྟ་བུ་སོགས་རྣམ་དཀར་གྱི་ལས་ལ་རང་བཞིན་གྱིས་སྤྲོ་བ་ཆེ་བ་སོགས་ཕལ་བའི་སྤྱོད་ཚུལ་ལས་འདས་པའི་རྟགས་མཚན་མང་དུ་མངོན་པར་བརྟེན། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་བླ་མ་ལྔ་ནས་གསང་སྔགས་རྙིང་མ་པའི་རྣལ་འབྱོར་པ་ཀུན་བཟང་ཡེ་ཤེས་ཞུ་བ་ཡོངས་གྲགས་སུ་ལཱུའུ་རྡོ་བླ་མ་ཞེས་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། དགུང་ལོ་༧་ཙམ་ནས་འབྲི་ཀློག་སོགས་ཡོན་ཏན་སྦྱོང་བའི་དབུ་ཚུགས་ཡོད་འདུག དགུང་ལོ་༩་ཐོག་གྲོ་མོ་དུང་དཀར་དགོན་དུ་ཕེབས་ནས་གྲོ་མོ་དགེ་བཤེས་རིན་པོ་ཆེའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་ལོ་གསུམ་ལྷག་དེ་ཕྱོགས་སུ་བཞུགས་ཡོད་འདུག

ཕྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་། བླ་མ་ཐུབ་བསྟན་ཡེ་ཤེས་སོགས་མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཅིང་། གཞུང་ཆེན་སློབ་གཉེར་དང་ཉམས་ལེན་ཡ་མ་བྲལ་བ་གནང་ཡོད་འདུག སློབ་གཉེར་གྱི་ཞོར་ལ་དབྱིན་སྐད་ཀྱང་བྱང་ཆུབ་པར་སྦྱངས་ཡོད་འདུག ཕྱི་ལོ་༡༩༧༡ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས།

ཕྱི་ལོ་༡༩༦༧ལོར་༧སྐྱབས་རྗེ་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་བལ་ཡུལ་དུ་ཕེབས་ནས་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་ངམ་ཀོ་པན་དགོན་པ་དང་། བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་ཕྱག་བཏབ་པ་སོགས་བསྟན་པའི་གཞི་མ་འཛུགས་པར་མཛད་འདུག ཕྱི་ལོ་༡༩༧༤ལོར་རང་གི་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་ནུབ་ཕྱོགས་སུ་ཐོག་མར་ཕེབས་ཏེ་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ཞེས་པའི་ཆོས་ཚོགས་བཙུགས་ཤིང་དེས་རྐྱེན་བྱས་ཏེ་ནུབ་ཕྱོགས་ལུང་པར་ནང་ཆོས་ལ་དོ་སྣང་ཤུགས་ཆེར་ཕྱིན་ཡོད་འདུག དེ་ནས་རིམ་བཞིན་ཨེ་ཤ་ཡ་དང་ཡོ་རོབ། བྱང་ཨ་མི་རི་ཀ་སོགས་སུ་རྒྱལ་ཁབ་ཁག་སོ་བདུན་ཙམ་ནང་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་ཡན་ལག་ཆོས་ཚོགས་༡༥༤་ཙམ་འཛུགས་གནང་མཛད་དེ་སེམས་ཅན་ལ་ཕན་ཐོགས་དང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་མཛད་ཡོད་འདུག

ཕྱི་ལོ་༡༩༨༤ལོ་ནས་ཆོས་ཚོགས་ཁག་གི་གཙོ་འཛིན་གྱི་ཐུགས་འགན་ད་ལྟའི་བར་དུ་བཞེས་ཡོད་འདུག། ཕྱི་ལོ་༢༠༠༤ལོ་ནས་བལ་ཡུལ་དུ་ཐུབ་བསྟན་བཤད་སྒྲུབ་གླིང་དང་། ཙུམ་ར་ཆེན་དགོན། མུ་དགོན་བཅས་ཀྱི་འཛིན་སྐྱོང་ཡོངས་རྫོགས་གནང་བ་སོགས་དགོན་ཁག་མང་པོར་འཚོ་བའི་མཐུན་རྐྱེན་སྦྱར་ཏེ་ཕྱོགས་དེ་གར་བསྟན་པའི་ཞབས་འདེགས་བླ་ན་མེད་པ་གནང་ཡོད་འདུག གདན་ས་གྲྭ་ཚང་ཁག་གིས་གཙོས་པའི་དགེ་འདུན་གྱི་སྡེ་མང་པོར་དགེ་འདུན་པའི་བཞེས་ལག་དང་། གཟིམས་ཤག སྨན་ཁང་། དཔེ་མཛོད་ཁང་། སློབ་གྲྭ་སོགས་སུ་འགྲོ་གྲོན་ཤིན་ཏུ་ཆེན་པོ་ཕངས་མེད་ནར་གཏོང་མཛད་དེ་དགེ་འདུན་སློབ་གཉེར་བ་སྟོང་ཕྲག་མང་པོའི་འཚོ་བའི་དཀའ་ངལ་སེལ་གནང་མཛད་ཡོད་འདུག ད་དུང་། ས་གནས་མང་པོ་ཞིག་ལ་སློབ་གྲྭ་དང་སྨན་ཁང་། དྭ་ཕྲུག་ཁང་སོགས་སུ་ཟས་གོས་གནས་མལ་དང་ཤེས་ཡོན་སློབ་སྦྱོང་། ཡ་རབས་བཟང་སྤྱོད་སོགས་ཆོས་དང་ཟང་ཟིང་གི་སྦྱིན་གཏོང་གི་ཡོད་འདུག གཞན་ཡང་། རིན་པོ་ཆེ་མཆོག་གིས་ནང་ཆོས་དང་འབྲེལ་བའི་ཕྱག་དེབ་ཡང་མང་པོ་བརྩམས་གནང་མཛད་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།