19
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༢༨ཉིན། བཞུགས་སྒར་རྡ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༢༢་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་སོང་། ཕྱི་ལོ་༢༠༢༢་ལོ་ནི་ཉེ་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་སྐབས་ཤིག་ཡིན། ཅེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠་ཐོག བཞུགས་སྒར་རྡ་སའི་གངས་སྐྱིད་དུ་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་གའི་ཚོགས་ཁང་དུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཕྱི་ལོ་༢༠༢༢་ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་ཆེད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར། ལྟེ་གནས་ཁང་དེའི་ལས་འཆར་དོ་དམ་པ་བསྟན་འཛིན་ཟླ་བ་ལགས་དང་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་གཉིས་ཀྱིས་ལོ་འཁོར་སྙན་ཐོ་བཏོན་ནས་དེའི་སྐོར་འགྲེལ་བཤད་བྱས་རྗེས་གསར་འགོད་པ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་བྱས་སོང་།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཕྱི་ལོ་༢༠༢༢་ལོའི་ལོ་འཁོར་སྙན་ཐོ་ཡི་ནང་དུ། དཀའ་སྡུག་ཆེ་བའི་རིམས་ནད། ཞིབ་བཤེར་དང་སྒེར་གྱི་གནས་ཚུལ། བཙན་ཤེད་ཀྱི་སྒོ་ནས་རིགས་རྫས་བསྡུ་ལེན་བྱེད་པ། རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན། སྒེར་གྱི་གསང་རྒྱའི་སྐོར་གྱི་རྒྱལ་སྤྱིའི་ཁྲིམས། ཆོས་ལུགས་དད་མོས་རང་དབང་། ཤེས་ཡོན་དང་སྐད་ཡིག་གི་ཐོབ་ཐང་། རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པར་གཉའ་གནོན་བྱེད་པ། རྒྱའི་སྤྱི་སྐད་ཕུས་ཐུང་ཧྭ་བཙན་ཤེད་ཀྱིས་སྤེལ་བ། གང་བྱུང་འཇུ་བཟུང་དང་མནར་གཅོད། བཀག་ཉར་ཁང་དུ་འདས་གྲོངས། གསང་བའི་བཀག་ཉར། བཙོན་པའི་ཐོབ་ཐང་། སྨྲ་བརྗོད་རང་དབང་། རང་ལུས་མེར་སྲེག་གི་ངོ་རྒོལ། རྩོམ་པ་པོ་དང་ཤེས་ལྡན་མི་སྣ་འབུར་འཇོམས་གཏོང་བཞིན་པ་སོགས་ཀྱི་བརྗོད་གཞི་ཐོག་ནས་ཉམས་ཞིབ་བྱས་ནས་སྙན་ཐོ་བཏོན་འདུག

བསྟན་འཛིན་ལུང་རྟོགས་ཀྱིས་བརྗོད་དོན། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་དུ་མའི་རིགས་རྫས་(DNA) འདོད་མོས་ཡོད་མེད་ལ་མ་བལྟོས་པར་བཙན་གྱིས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་གསལ་རྟོགས་བྱུང་ཡོད། རིགས་རྫས་ཕོན་ཆེན་བསྡུ་ལེན་བྱེད་པ་དེ་ནི་དུས་རྒྱུན་དྲྭ་ཐོག་ཏུ་སོ་ཉུལ་བྱེད་པ་དང་ས་ཆ་གང་སར་གློག་མིག་བཙུགས་པ། ཁང་ཁྱིམ་དང་འགག་སྒོ་སོགས་ནས་བསྔོག་བཤེར་བྱེད་པ་བཅས་ཀྱི་ལམ་ནས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རྒྱ་གཞུང་གི་དོ་དམ་འོག་བཅུག་ཐབས་བྱེད་པ་དང་རྒྱ་གཞུང་ངན་ཇུས་ཐེར་འདོན་བྱེད་མཁན་གྱི་བོད་མི་ཚོར་སྔར་ལས་ལྷག་པའི་དྲག་གནོན་བྱ་བར་དམིགས་ནས་བཙུགས་པའི་དམ་དྲག་བྱེད་ཐབས་དེ་ཡི་ཆ་ཤས་གསར་པ་ཞིག་རེད། ཅེས་བརྗོད་སོང་།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཕྱི་ལོ་༢༠༢༢་ལོའི་ལོ་འཁོར་སྙན་ཐོ་ལ་ལྟར་ན། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་ཏེ་བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པ་སོགས་ལ་བརྟེན་ནས་ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཏུ་གྱུར་ཡོད། ཅེས་བཀོད་འདུག

བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་དོན། དེ་བཞིན་རྒྱ་གཞུང་གིས་རང་དབང་ལུང་པ་སོགས་རྒྱལ་ཁབ་གཞན་དུ་གནས་པའི་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་སྟངས་འཛིན་བྱ་བར་དམིགས་ནས་ལོ་མང་རིང་རྒྱུན་སྐྱོང་བྱས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་དེའི་འོག་ནས་དམར་ཤོག་ཚོའི་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱེད་མཁན་གྱི་བཙན་བྱོལ་བོད་མི་ལས་འགུལ་བ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་དུ་ཕ་མ་དང་ཉེ་འབྲེལ་ཡོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་དམ་དྲག་བྱེད་ཐབས་བྱེད་བཞིན་འདུག

ཁོ་མོས་མུ་མཐུད་ནས་བརྗོད་དོན། བོད་ནང་གི་ཛ་དྲག་གནས་ཚུལ་རྒྱུས་ལོན་ཐུབ་མཁན་ཡག་ཤོས་ཤིག་ནི་བཙན་བྱོལ་དུ་གནས་པའི་བོད་མི་ཚོ་ཡིན་པར་བརྟེན་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་གཅོད་པར་འབད་བརྩོན་སྣ་ཚོགས་བྱེད་བཞིན་འདུག ཅེས་བརྗོད་སོང་།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་བསྒྲགས་གཏམ་གྱི་ནང་དུ། རྒྱ་གཞུང་གིས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་རྒྱར་བསྐྱེད་བྱས་པར་བརྒྱུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་ཆེས་ཆེར་བཏང་ཡོད། བོད་ནང་གི་ཤེས་ཡོན་གྱི་ལམ་ལུགས་ཡོངས་རྫོགས་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་དང་། སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ། བོད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱག་པ་དང་ལ་ལ་ཐད་ཀར་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་སོགས་བྱས་ཏེ་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ལ་རྡོག་རོལ་སྔར་ལས་ལྷག་པའི་བཏང་འདུག ཅེས་བཀོད་འདུག

གཞན་ཡང་རྒྱ་གཞུང་གིས་གསར་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་ཆོས་ལུགས་དང་འབྲེལ་བའི་སྒྲིག་གཞི་གསར་པས་དྲྭ་ལམ་གྱི་ཆོས་ལུས་ལས་དོན་སྤེལ་བར་གཞུང་གི་ཆོག་མཆན་དགོས་པ་དང་ཆོག་མཆན་མ་ཐོབ་པ་ཡིན་ན་ཁྲིམས་འགལ་དུ་འགྱུར་བའི་ཚད་བཀག་བཟོས་ཏེ་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་འཆད་ཁྲིད་ཀྱི་སྨྲ་བརྗོད་རང་དབང་ལ་སྔར་ལས་ལྷག་པའི་རྡོག་རོལ་བཏང་བའི་གནས་ཚུལ་གསལ་འདོན་བྱུང་འདུག ཅེས་དང་།

བོད་མི་མང་པོར་རང་གི་ཆོས་ལུགས་ཉམས་ལེན་ཚུལ་བཞིན་བྱ་རྒྱའི་ཐོབ་ཐང་མི་སྤྲོད་པ་དང་བོད་ཀྱི་ཤེས་ལྡན་མི་སྣར་ཉེས་མིང་འདྲ་མིན་བཀལ་ནས་བཙོན་འཇུག་ཁྲིམས་ཆད་ཤིན་ཏུ་ལྕི་མོ་གཏོང་བཞིན་འདུག རྒྱའི་བཀག་ཉར་ཁང་དང་བཙོན་ཁང་སོགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་རྡུང་རྡེག་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་འདུག་ཅིང་འཇུ་བཟུང་བཀག་ཉར་འོག་ཏུ་ལུས་མཁན་ཚོར་དྲང་བདེན་གྱི་ཁྲིམས་བཤེར་སོགས་བཙོན་པའི་གཞི་རྩའི་ཐོབ་ཐང་དག་ཀྱང་རག་གི་མེད་པའི་གནད་དོན་མུ་མཐུད་དུ་བྱུང་དང་འབྱུང་མུས་རེད། ཅེས་དང་།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་བརྟེན་ཕྱི་ལོ་ ༢༠༢༢ ལོར་སླར་ཡང་བོད་མི་གསུམ་གྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་ཉེ་བའི་མཚམས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག བོད་ནང་དུ་སྨྲ་བརྗོད་རང་དབང་དང་ཞི་བའི་ངོ་རྒོལ་བྱ་རྒྱའི་ཁོར་ཡུག་ཅིག་རྩ་ནས་མེད་པར་བརྟེན་རང་ལུས་མེར་སྲེག་གི་ལམ་ནས་ངོ་རྒོལ་བྱས་ཏེ་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱ་རྒྱུ་ནི་བོད་མི་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་བའི་གདམ་ཁ་ཉག་ཅིག་ཏུ་གྱུར་ཡོད། ཅེས་བཀོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་ལ་སྐུལ་འདེབས་ཁག་ཅིག་ཞུས་ཡོད་པ་རྣམས་ནི་གཤམ་གསལ་རེད། ༡༽ རྒྱ་གཞུང་གིས་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་ཤིང་། རྒྱ་ནག་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་སོགས་སུ་འཁོད་པའི་མི་རིགས་རང་སྐྱོང་གི་གནས་བབ་ཚད་དང་ལྡན་པ་ཞིག་སྤྲོད་དགོས། ༢༽ བོད་ནང་དུ་རིག་གཞུང་བཙན་བསྒྱུར་རམ་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱས་ཏེ་བོད་མི་སྤྱི་སྒེར་གཉིས་ཀའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས། ༣༽ རྒྱ་གཞུང་གིས་ལག་བསྟར་ཁས་ལེན་བྱས་ཟིན་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་ཏུ་གསལ་དོན་ལྟར་བོད་མི་ཚོར་རང་གི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ཚུལ་བཞིན་རག་ཐུབ་པའི་ཁོར་ཡུག་བསྐྲུན་དགོས། ༤༽ བོད་ནང་དུ་རིམས་ནད་གཙང་དག་གི་སྲིད་ཇུས་དང་དེ་འབྲེལ་གྱི་འགྲུལ་སྐྱོད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་ཚད་བཀག་བཟོ་བའི་བཀག་བསྡོམས་མཐའ་དག་ཡོངས་སུ་གློད་དགོས། ༥༽ བོད་ནང་དུ་རིགས་རྫས་བསྡུ་ལེན་བྱེད་པ་དང་ཁྲག་བསྡུ་ལེན་བྱེད་པ། སྐད་སྒྲ་འཇུག་བྱེད་པ། པར་ལེན་པ་སོགས་མི་སྒེར་གྱི་གནས་ཚུལ་བསྡུ་ལེན་བྱེད་སྐབས་ངེས་པར་དུ་བོད་མི་ཚོའི་ཆོག་མཆན་ཡོད་མེད་དང་འདོད་མོས་ཡོད་མེད་ལྟ་དགོས། ༦༽ འཕྲལ་ཕུགས་གཉིས་སུ་ལག་བསྟར་བྱ་རྒྱུའི་མི་སྒེར་གྱི་གསང་རྒྱའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཁྲིམས་ཡིག་གསར་པ་གཏན་འབེབས་བྱ་དགོས། ༧༽ བོད་མི་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱའི་ཐོབ་ཐང་སོགས་འགྲོ་བ་མིའི་ཐོབ་ཐང་ཚུལ་བཞིན་ལོངས་སུ་སྤྱོད་རྒྱའི་གོ་སྐབས་བསྐྲུན་དགོས་པ་མ་ཟད། གལ་ཆེའི་ཐག་གཅོད་ཀྱི་རིགས་ལ་མཉམ་ཞུགས་ཐུབ་ཐབས་ཀྱི་གོ་སྐབས་བསྐྲུན་དགོས་སོགས་དང་།

རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐུལ་འདེབས་ཡོད་པ་རྣམས་ནི་གཤམ་གསལ་རེད། ༡༽ རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་མཚམས་འཇོག་མ་བྱས་བར་དུ་རྒྱ་ནག་དང་ལྷན་དུ་ཚོང་དོན་གྱི་གན་རྒྱ་འཇོག་མི་རུང་། ༢༽ འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་སའི་རྒྱ་ནག་གི་དབང་བསྒྱུར་འོག་གི་ས་ཆ་གང་དུའང་ཚོང་གི་མ་རྩ་འཇོག་པ་སོགས་བྱེད་མི་རུང་། ༣༽ རྒྱ་གཞུང་གིས་ལག་བསྟར་ཁས་ལེན་བྱས་ཟིན་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གི་བསྟན་དོན་ཇི་བཞིན་ལག་བསྟར་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་དགོས། ༤༽ རྒྱ་ནག་གི་བཙན་འོག་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱ་དགོས། ༥༽ མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྣ་མང་ཚོགས་འདུའི་ཐོག་རྒྱ་ནག་གིས་བཏོན་པའི་གྲོས་ཆོད་ལ་རྒྱབ་སྐྱོར་མ་བྱས་པར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་འགན་ཁུར་དགོས་པའི་དགོས་འདུན་འདོན་དགོས། ༦༽  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་ལུགས་རང་དབང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། གསང་རྒྱའི་ཐོབ་ཐང་། རིག་གཞུང་གི་ཐོབ་ཐང༌། མནར་གཅོད་དང་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་ཆེད་མཁས་ཚོགས་ཆུང་ཚོས་རྒྱ་ནག་ལ་རྟོག་ཞིབ་བྱ་ཆེད་ཡུལ་དངོས་སུ་སྐྱོད་ཆོག་པའི་ཆོག་མཆན་ཡང་ཡང་ཞུ་བཞིན་པར་ངེས་པར་དུ་དང་ལེན་བྱ་དགོས་པའི་སྐུལ་འདེད་གཏོང་དགོས། ༧༽ ཕྱི་ལོ་༢༠༢༠ ལོའི་ཟླ་༦ པའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་མི་སྣ་ ༥༠ ཡིས་མཉམ་གཅིག་ཏུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་ཚུལ་བཞིན་འགན་སྲུང་ཡོང་བར་ནུས་པ་མཉམ་སྤུངས་དང་ཐབས་མཁས་པོས་གདོང་ལེན་བྱ་དགོས་པའི་འབོད་སྐུལ་གནང་བར་རྒྱབ་སྐྱོར་བྱ་དགོས། ༨༽ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོ་ལ་དཔལ་འབྱོར་གྱི་ཉེས་ཆད་དང་། ཕྱིར་སྐྱོད་བཀག་བསྡོམས་སོགས་ བྱ་དགོས།

ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་བརྗོད་དོན། རྒྱ་ནག་གིས་རྟག་ཏུ་རང་ཉིད་འཛམ་གླིང་གི་སྣེ་འདྲེན་རྒྱལ་ཁབ་ཅིག་ཡིན་པའི་སྤོབས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་འདི་མ་སེལ་བར་དུ་རྒྱ་ནག་ནམ་ཡང་རྒྱལ་སྤྱིའི་སྣེ་འདྲེན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གིས་བཅོལ་བའི་འོས་འགན་ལྟར་བོད་མི་ཚོ་གཙོས་པའི་དབང་འོག་གི་མི་ཐམས་ཅད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚུལ་བཞིན་འགན་སྲུང་བྱེད་དགོས། མ་ཟད་སྙན་ཐོ་འདི་བརྒྱུད་དེ་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་གཉིས་ཀར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་ཀྱི་སྐུལ་འདེབས་ཞུས་ཡོད་པ་རྣམས་གང་མགྱོགས་དངོས་སུ་ལག་བསྟར་ཐུབ་པ་བྱ་དགོས། ཞེས་བརྗོད་འདུག

ཕྱི་ལོ་༢༠༢༢་ལོའི་ནང་དུ་རྒྱ་གཞུང་གིས་བོད་མི་ག་ཚོད་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་འདྲི་སྐབས། འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བའི་གཞིགས་ན་ཕྱི་ལོ་༢༠༢༢་ནང་ལ་རྒྱ་གཞུང་གིས་བོད་མི་༢༧་འཛིན་བཟུང་བྱས་འདུག ཤེས་རྟོགས་མ་བྱུང་བ་མང་པོ་ཡོད་རྒྱུ་རེད། ཏོག་དབྱིབས་ནད་དུག་དང་འབྲེལ་ནས་འཛིན་བཟུང་བྱས་པ་རྣམས་འདིའི་ཚུད་མེད། ཅེས་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།