20
Sat, Apr

བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ལོའི་ཟླ་༠༣ ཚེས་༡༠ ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དམིགས་བསལ་སྐུ་མགྲོན་པ་རྣམ་པ་བཅས་གཙོས་པའི་རྡ་སར་འདུས་སྡོད་ཀྱི་བོད་མི་སེར་སྐྱ་མི་མང་ལྷན་འཛོམས་ཀྱི་ཐོག་ནས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༤ པ་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཞུས་སོང་།

མཛད་སྒོའི་གསུང་བཤད་ཀྱི་ཐོག་མ་རུ་གསུམ་བཅུ་དུས་དྲན་དང་འབྲེལ་བའི་ལོ་རྒྱུས་དང་། བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཁོར་ཡུག་གི་གཏོར་བཅོམ། བོད་མིའི་རིགས་རྫས་སྡུད་ལེན། བོད་རིགས་བོད་སྐད་རྒྱ་སྒྱུར། ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བ། མདོར་ན། རྒྱ་གཞུང་གིས་བོད་ཐོག་ཏུ་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་སོགས་བརྗོད་བྱ་བྱས་ནས། བཀའ་སྤྱི་གཉིས་ཀྱིས་གསུང་བཤད་གནང་བ་དང་། དེ་ནས་དམིགས་བསལ་སྐུ་མགྲོན་ཚོས་གསུང་བཤད་གནང་སོང་།

དེ་ཡང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་སྐད་རྒྱ་སྒྱུར་དང་བོད་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་སོགས་ཀྱི་སྐོར་ནས། རྒྱ་ནག་དམར་གཞུང་གིས་དེང་སང་བོད་ས་ཁྱོན་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། རྒྱའི་སྐད་ཡིག་ཁྱབ་གདལ་གྱི་དམིགས་ཡུལ་བཟུང་སྟེ་བོད་ཀྱི་གྲོང་གསེབ་ཁག་ཏུ་སྔོན་འགྲོ་སློབ་གྲྭ་འབོར་ཆེན་གསར་འཛུགས་དང་། གཞི་རིམ་འོག་མ་ནས་བཟུང་གཏན་སྡོད་སློབ་གྲྭའི་ནང་བཅུག་སྟེ་རྒྱའི་སྐད་ཡིག་དང་ལྟ་སྤྱོད་སློབ་སྤེལ་བཅས་མི་རིགས་གཅིག་དང་རིག་གཞུང་གཅིག །ཆོས་ལུགས་གཅིག །སྐད་ཡིག་གཅིག་གི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་དང་། ཞེས་གསུངས་སོང་།

རྒྱ་གཞུང་གིས་ཡར་རྒྱས་དང་འཛུགས་སྐྲུན་ལ་ཁ་གཡར་ནས། བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཁོར་ཡུག་ལ་ཡ་ང་བག་ཚ་ཅི་ཡང་མེད་པར་གཏོར་བཅོམ་གཏོང་བཞིན་པའི་ཐད་ནས། བཀའ་སྤྱི་གཉིས་ཀྱིས་ནན་ཏན་དུ་གསུངས་པར་མ་ཟད། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་བར་བྱེད་པའི་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་གསལ་འདོན། དེར་གདོང་ལེན་བྱེད་པའི་བོད་མིའི་སྙིང་སྟོབས་དང་ལྷག་བསམ་བཅས་ཀྱང་གསལ་པོར་གསུངས་སོང་།

ཡང་། སྲིད་སྐྱོང་མཆོག་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱེད་བཞིན་ཡོད་པའི་སྐོར་ནས་གསུང་དོན། ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོབ་ཟེར་བའི་མིང་ཐོག་ནས། ཞི་དྲག་གི་ཐབས་ལམ་ཡོད་ཚད་བཀོལ་སྤྱོད་བྱས་ཏེ་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་རིག་གནས་གསར་བརྗེ་ལས་ལྷག་པའི་སྟངས་འཛིན་དང་། དེང་རབས་ཅན་གྱི་ཚན་རིག་ལག་རྩལ་བེད་སྤྱོད་བཏང་སྟེ་བོད་ཁམས་ཀྱི་གྲོང་ཚོ་དང་། སྲང་ལམ། འབྲོག་མཚེར། རྩྭ་ཐང་། རི་ཆུ་དང་བཅས་པ་དྲ་མིག་ཅན་གྱི་བྱེད་ཐབས་སྤྱད་དེ་ལྟ་བཤེར་དོ་དམ་བྱེད་བཞིན་པའི་ཐོག །ཅེས་གསུངས་སོང་།

སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྐོར་ནས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། བོད་ཀྱི་སྲོལ་རྒྱུན་བླ་མའི་ཡང་སྲིད་ཕེབས་ཕྱོགས་ནི་བླ་མ་རང་ཉིད་གང་དེར་ཡོད་པ་ལས་གཞན་སུ་ཞིག་གིས་བཙན་ཤེད་བྱ་ཡུལ་མེད། ཅེས་གསུངས་ཏེ། རྒྱ་གཞུང་གིས་བོད་ཀྱི་ཡང་སྲིད་ལམ་ལུགས་ལ་ཐེ་གཏོགས་དང་ཁྱད་པར་དུ་རྒྱལ་བའི་ཡང་སྲིད་ལ་ཐེ་གཏོགས་བྱེད་པའི་ཐད་ལ་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་དྲག་གནང་སོང་།

ཡང་སྲིད་སྐྱོང་མཆོག་གིས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་བའི་ཐད་ནས་གསུང་དོན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གིས་མཚོན་ཆབ་སྲིད་བཙོན་པ་རྣམས་ལ་གང་མགྱོགས་རང་དབང་འཐོབ་རྒྱུར་དྲང་བདེན་ལ་དགའ་ཞེན་ཡོད་མཁན་གཞུང་སྒེར་ཚང་མས་རྒྱབ་སྐྱོར་ཡོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་མཐུད་འབད་པ་གང་ཡོང་བསྟེན་རྒྱུ་ཡིན་པར། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ནས་ཀྱང་མུ་མཐུད་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག །དེའི་ཐོག་འགན་ཁུར་ལེན་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 ད་དུང་། དབུ་མའི་ལམ་གྱི་སྐོར་ནས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབས་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་བསར་ཡོད་ལ། ཞེས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་དོན་ཞུ་སྐུལ་དང་བདེན་པའི་འཐབ་རྩོད་ཀྱི་ཐད་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ལ་འཆར་ལོའི་ནང་གཞི་རྒྱ་ཆེ་ཙམ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད། བོད་དོན་བདེན་མཐའ་གསལ་བར་གལ་འགངས་ཆེ་ཤོས་ནི་བོད་པ་རང་ཉིད་ཀྱིས་འགན་ཁུར་དགོས་པས་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་དང་། ལྷག་བསམ། ཆོད་སེམས་བཅས་རི་ལྟར་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རང་དབང་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བོད་ཀྱི་བདེན་པའི་འཐབ་རྩོད་ཐད་ངོ་གནོང་མི་དགོས་པ་ཞིག་བྱ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་ཡིན། ཞེས་ཀྱང་གསུངས་སོང་།

དེ་ནས། མཛད་སྒོའི་གསུང་བཤད་རིམ་པ་ལྟར། ཡུ་རོབ་དང་ཨ་རི་སོགས་ནས་ཕེབས་པའི་དམིགས་བསལ་སྐུ་མགྲོན་ཚོས་གསུང་དོན། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཡོད་པ་ང་ཚོས་ཤེས་བཞིན་ཡོད་ལ། བོད་ཀྱི་རང་དབང་སླར་གསོ་ཡོང་བར་ང་ཚོས་རྒྱབ་སྐྱོར་བྱེད་བཞིན་ཡོད། བོད་དོན་ནི་བོད་ཀྱི་གནད་དོན་ཙམ་ཞིག་མ་ཡིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་ལ། བོད་དོན་འཐབ་རྩོད་ཀྱི་ཁྲོད་ནས་ང་ཚོ་ཁྱོད་ཅག་གི་མཉམ་དུ་ཡོད། རྒྱལ་བའི་ཡང་སྲིད་ཀྱི་སྐོར་ལ་རྒྱ་གཞུང་གིས་ཐེ་གཏོགས་བྱེད་པ་ལ་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིའི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་སོགས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།