20
Sat, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༣་ཚེས་༡༢ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་ནས་རྡ་ཤོད་ཀ་ཅ་རི་བར་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་གཙོས་བོད་མི་རྒན་གཞོན་དར་གསུམ་ནས་ཞི་བའི་གོམ་བགྲོད་ལམ་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༤ པ་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩།༣༠་ཡས་མས་སུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་དུ། སྐུ་མགྲོན་གཙོ་བོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དགོན་སྡེ་ཁག་གི་བཙུན་མ། སློབ་གྲྭ་ཁག་གི་སློབ་ཕྲུག་དང་རྡ་ས་བོད་མི་རྣམས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༤ པ་སྲུང་བརྩི་ཞུས་སོང་།

ཐོག་མར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༤ ཐོག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བསྒྲགས་གཏམ་ཀློག་དོན། དེ་རིང་ཉིན་མོ་ནི་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་སྟེ་བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུགས་སྐབས་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་། ལག་ཟད་དཔུང་ལ་ཐུག་ཀྱང་ཆོལ་གསུམ་བུད་མེད་རྣམས་ཀྱིས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་སྙིང་སྟོབས་ཞུམ་པ་མེད་པའི་རྒྱལ་བསྟན་ཆབ་སྲིད་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཀའི་ཐང་ཆེན་དུ་དཔའ་མོ་དམ་པ་ཀུན་བཟང་ལགས་གཙོས་པའི་བུད་མེད་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་སར་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་བུད་མེད་སྒེར་ལངས་གནང་ནས་ལོ་ངོ་༦༤ ཧྲིལ་པོ་འཁོར་བའི་གཉན་འཕྲངས་ཅན་གྱི་ཉིན་མོ་ཞིག་ཡིན།

དེ་ནི་བོད་གཞི་བྱེས་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་གྱུར་རུང་བ་ཞིག་གཏན་ནས་མིན། དེ་རིང་གི་གོ་སྐབས་འདི་བརྒྱུད་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་ཡིད་རང་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་དུས་ད་ལྟའང་རྒྱ་དམར་གཞུང་གི་དམ་བསྒྲགས་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་མྱ་ངན་གུས་བཏུད་ཞུ་ཡི་ཡོད། ང་ཚོས་ད་ལྟའི་མི་རབས་ལོ་གཞོན་རྣམས་ཀྱིས་འཇལ་དཀའ་བའི་ཁོང་རྣམ་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཁོང་ཚོའི་རེ་བའི་རྨི་ལམ་བོད་གཞི་བྱེས་མཉམ་འཛོམས་ཡོང་བའི་ཐུགས་རེ་དེ་ང་ཚོས་དུས་ནམ་ཡང་མ་བརླག་པར་བསྒྲུབ་པར་བྱ་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་ཡིན།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་ཆོལ་གསུམ་བུད་མེད་རྣམས་ཀྱི་གསར་བཙུགས་ཞུས་པའི་བྱས་པ་ཅན་གྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཆེད། བཙན་བྱོལ་དུ་ཀ་རྡོར་སྒང་གསུམ་དུ་བོད་ཀྱི་བུད་མེད་ཚོགས་པ་མུ་མཐུད་དེ་བཙུགས་ཡོད་། རྗེས་སུ་སོ་སོའི་འཚོ་བའི་གནས་སྟངས་དཀའ་ངལ་ཆེ་བས་ཚོགས་པ་ཉམས་རྒུད་ཕྱིན་པའི་གནས་སྟངས་སྐབས་དེར་ཕྱི་ལོ་༡༩༨༤ ལོར་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་སླར་གསོ་ཞུས་པ་དང༌། བོད་དོན་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནས་རྒྱུའི་ཐོག་མའི་དགོངས་པ་དང་དམིགས་ཡུལ་བཅས་སྙིང་བཅངས་ཀྱི་ད་བར་མི་ལོ་ཧྲིལ་པོ་༦༤འདས་ཟིན། དུས་རིམ་དེའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་བྱུང་བ་ནི་གཙོ་བོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཡང་སྒོས་རྒན་རབས་གཙོ་བོར་གྱུར་བའི་རྒྱུན་ལས་གོང་མ་རྣམས་དང་ཚོགས་མི་རྣམས་ཀྱིས་སྔ་སྤྱི་བར་གསུམ་དུ་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་ལས་དོན་ལ་འགན་འཁུར་ཆེ་བཞེས་གནང་བའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

ཉེ་ལམ་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་བོད་མིའི་རིགས་རྫས་བསྡུ་ལེན་(DNA) ལ་སོགས་པའི་ཁྲིམས་འགལ་གྱི་ལས་གཞི་སྤེལ་བཞིན་ཡོད་པ་དེར་དམིགས་བསལ་གྱི་ཨ་རིའི་ནང་ཚན་རྩལ་ཡོ་ཆས་(Thermo Fisher Scientific) བཟོ་ལས་ཁང་ནས་རྒྱ་ནག་དམར་གཞུང་ལ་ཚན་རྩལ་ཡོ་ཆས་ཚོང་གཉེར་བྱས་ཏེ་བེད་སྤྱོད་ལོག་པར་སྤྱོད་ཀྱི་ཡོད་པ་དང་རྒྱ་ནག་དམར་གཞུང་གི་བོད་ནང་བོད་ཕྲུག་རྣམས་ལོ་ན་ལྔ་ནས་བཅོ་བརྒྱད་བར་སོ་སོའི་ཕ་མ་དང་ཁ་བྲལ་གྱིས་རྒྱ་ནག་མི་སེར་སྤེལ་ཡུལ་གྱི་ (colonial Boarding School) གཏན་སྡོད་སློབ་གྲྭའི་ནང་བཞག་དགོས་པའི་བཙན་ཁྲིད་ཀྱིས་སྲིད་ཇུས་ལག་བསྟར་བྱེད་མུས་རེད། འོན་ཀྱང་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་རྒྱ་ནག་དམར་གཞུང་གིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེར་ཞི་བའི་ངོ་རྒོལ་གནང་མུས་ལྟར་རྒྱལ་སྤྱིའི་ལྷན་ཁང་ཁག་དང་དབུ་ཁྲིད་རྣམས་ཀྱིས་ཞིབ་འཇུག་ནན་པོ་གནང་སྟེ་ཛ་དྲག་མྱུར་སྐྱོབ་ཀྱི་ཕྱག་བསྟར་དགོས་གལ་ཆེ། འདས་པའི་མི་ལོ་༦༤ ཧྲིལ་པོའི་རིང་རྒྱལ་སྤྱིའི་ནང་གནས་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྐབས་འདིའི་བརྒྱུད་ནས་ཐུགས་རྗེ་ཆེ་དང་སླད་མར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུ།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་དྲུག་ཅུ་རེ་བཞིའི་དུས་དྲན་གྱི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། གྲོས་ཚོགས་འཐུས་མི་རྣམ་པ། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ། རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་གཤམ་འཁོད་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

༡༽ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གང་མགྱོགས་ཡོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།

 ༢༽ བོད་ནང་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་རིན་པོ་ཆེ་མཆོག་གཙོས་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་ཐོག་གློད་བཀྲོལ་དགོས་པའི་རྒྱ་ནག་ལ་ གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ།

༣༽ རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་གི་བོད་མི་ཚོ་ལ་མི་རིགས་རྩ་མེད་ཀྱི་ལས་གཞི་སྤེལ་བའི་འོག་བོད་མིའི་རིགས་རྫས་བསྡུ་ལེན་(DNA) ལ་སོགས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ཕྲད་དུ་འཚམས་འཇོག་དགོས་པ་དང་བོད་ནང་གི་བོད་ཕྲུག་ལོ་ན་ལྔ་ནས་བཅོ་བརྒྱད་བར་སོ་སོའི་ཕ་མ་དང་ཁ་བྲལ་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པ་ལས་སྐྱོབ་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ། ཞེས་བརྗོད་སོང་།

དེ་ནས་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་བསྐྱར་འཛུགས་གནང་དགོས་པའི་དགོས་དམིགས་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་གལ་ཆེན་དང་དེར་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་བཏང་སོང་།

མཛད་སྒོ་གྲོལ་རྗེས། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་ནས་རྡ་ཤོད་ཀ་ཅ་རི་བར་དུ། བོད་ཀྱི་བུད་མེད་གཙོས་བོད་མི་རྒན་གཞོན་དར་གསུམ་ནས་ཞི་བའི་གོམ་བགྲོད་ལམ་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༤ པ་སྲུང་བརྩི་ཞུས་སོང་། བོད་མི་རྣམས་ཀྱིས་གོམ་བགྲོད་གནང་ཞོར་བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས། བོད་ནང་མནར་གཅོད་མཚམས་འཇོག་དགོས། བོད་རང་བཙན་གཙང་མ་ཡིན། བོད་ནི་རྒྱ་ནག་གི་ཆ་ཤས་མིན། འཛམ་གླིང་མི་མང་བོད་ལ་རྒྱབ་སྐྱོར་བྱེད་རོགས། མཉམ་འབྲེལ་རྒྱལ་ཚོགས་བོད་ལ་རྒྱབ་སྐྱོར་གནང་རོགས་སོགས་ཀྱི་སྐད་འབོད་བརྒྱབས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།