05
Sun, Feb

བོད་ཀྱི་ལས་འགུལ་བ་ཚོས་རྒྱ་གཞུང་གིས་བོད་མིའི་རིགས་རྫས་རྐུ་འཁྱེར་བྱས་པར་ངོ་རྒོལ་དང་རིགས་རྫས་ཡོ་བྱད་ཚོང་མཁན་ལ་ཡོ་ཆས་དེ་དག་འཚོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༡་ཚེས་༡༦་ཉིན་སྤེལ། བོད་དོན་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱ་དང་ཉི་ཤུ་ཡིས་རྒྱ་གཞུང་གིས་བོད་མིའི་རིགས་རྫས་རྐུ་འཁྱེར་བྱས་པར་ངོ་རྒོལ་དང་ཨ་རིའི་རིགས་རྫས་ཡོ་བྱད་ཚོང་མཁན་ཐེར་མོ-ཧྥི་ཤེར་(Thermo Fisher)་ཟེར་བའི་བཟོ་ལས་ཁང་ནས་རྒྱ་གཞུང་ལ་བོད་ནང་གི་བོད་མིའི་རིགས་རྫས་ལེན་བྱེད་ཀྱི་ཡོ་བྱད་ཚོང་བཞིན་པར་མཚམས་འཇོག་དགོས་པའི་མཚན་རྟགས་བསྡུ་རུབ་ལས་འགུལ་ཞིག་སྤེལ་བཞིན་འདུག

དེ་ཡང་། ཉེ་བའི་ཉིན་ཤས་རིང་། རྡ་ས་གཡས་གཡོན་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་བརྒྱུད་ནས་ཨ་རིའི་རིགས་རྫས་ཡོ་བྱད་ཚོང་མཁན་ཐེར་མོ-ཧྥི་ཤེར་(Thermo Fisher) བཟོ་ལས་ཁང་ནས་རྒྱ་གཞུང་ལ་ཡོ་བྱད་དེ་དག་འཚོང་རྒྱུ་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ཀྱི་བརྗོད་དོན། བདུན་ཕྲག་ཁ་ཤས་རིང་ཨ་རིའི་ བཟོ་ལས་ཁང་ཐེར་མོ-ཧྥི་ཤེར་ནས་རྒྱ་གཞུང་ལ་རིགས་རྫས་ལེན་བྱེད་ཀྱི་ཡོ་ཆས་འཚོང་རྒྱུ་མཚོམས་འཇོག་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་སྤེལ་བ་ཡིན། ད་བར་མཚན་རྟགས་༥༩༥་རེག་སོང་། འདི་ནི་བོད་དོན་དང་བོད་དོན་རྒྱབ་སྐྱོར་བ་ཚོགས་བརྒྱ་དང་ཉི་ཤུ་ཡི་ལས་འགུལ་གྱི་ཆ་ཤས་ཤིག་རེད་ཅེས་བརྗོད་སོང་།

དྲ་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་དྲ་རྒྱའི་སྟེང་དུ་ཡོད་པ་དང་། དེར་ཚོགས་པ་བརྒྱ་དང་ཉི་ཤུ་ཡིས་ཐེར་མོ-ཧྥི་ཤེར་གྱི་གཙོ་འཛིན་གྱི་མིང་ཐོག་ནས་སྙན་ཞུ་བྲིས་འདུག དེའི་ནང་དུ་རྒྱ་གཞུང་གིས་བོད་མིའི་རིགས་རྫས་རྐུ་འཁྱེར་བྱེད་བཞིན་པ་དང་བྱིས་པ་ཆུང་ཆུང་ལོ་ལྔ་ཅན་གྱི་རིགས་རྫས་ཀྱང་རྐུ་འཁྱེར་བྱེད་ཀྱི་ཡོད་པས། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད། གལ་སྲིད་ཐེར་མོ-ཧྥི་ཤེར་གྱིས་རིགས་རྫས་ལེན་བྱེད་ཀྱི་ཡོ་ཆས་རྒྱ་གཞུང་ལ་འཚོང་རྒྱུ་མཚམས་འཇོག་མ་བྱས་ན། ཐེར་མོ-ཧྥི་ཤེར་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རོགས་བྱེད་ཀྱི་ཡོད། ཅེས་བཀོད་འདུག

དེར་བརྟེན། ཐེར་མོ-ཧྥི་ཤེར་གྱིས་རྒྱ་གཞུང་ལ་རིགས་རྫས་ལེན་བྱེད་ཀྱི་ཡོ་ཆས་ག་ཚོད་ཚོང་ཡོད་མེད་དང་མ་འོངས་མུ་མཐུད་ནས་འཚོང་རྒྱུ་མེད་པའི་ཁས་ལེན་དགོས་པའི་འབོད་སྐུལ་ཞུས་འདུག

ཚོགས་པ་དེ་དག་གི་བསྒྲགས་གཏམ་ལས། བོད་མིའི་རིགས་རྫས་རྐུ་འཁྱེར་གྱི་ལས་གཞི་དེའི་ཁྲོད་དུ་ལོ་ན་ལྔ་ཅན་གྱི་བྱིས་པ་ ཀྱང་ཚུད་ཡོད་པ་དང་། རྒྱ་ནག་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་རིགས་རྫས་ཀྱི་མ་དཔེ་རྐུ་འཁྱེར་བྱས་ཏེ་བོད་མིའི་སྐྱེ་ཁམས་རང་བཞིན་གྱི་གྲངས་མཛོད་ཅིག་གསར་བཟོ་བྱས་ཡོད་པ་དེ་ནི་པེ་ཅིང་གིས་བོད་མིར་ལྟ་རྟོག་དང་སྟངས་འཛིན་གྱི་ནུས་ཤུགས་ཆེར་བསྐྱེད་བྱས་པ་ཞིག་ཡིན་པ་མ་ཟད། གནས་བབ་དེ་ནི་རྒྱ་ནག་གིས་བོད་མིར་ལྟ་རྟོག་ཀྱི་ནུས་ཤུགས་གསར་བསྐྱེད་དང་བོད་མིའི་མི་སྒེར་གྱི་གསང་བ་རྩིས་མེད་རྡོག་རོལ། དེ་བཞིན་བོད་མིར་སྡུག་སྦྱོང་གཏོང་རྒྱུའི་ནུས་ཤུགས་སྔར་བྱུང་མེད་པ་ཞིག་གསར་དུ་བསྣན་པ་རེད། ཅེས་དང་།

ད་དུང་བསྒྲགས་གཏམ་དེའི་ནང་དུ། ཐེར་མོ-ཧྥི་ཤེར་བཟོ་ལས་ཁང་གིས་བོད་མིའི་རིགས་རྫས་རྐུ་འཁྱེར་ལ་རོགས་འདེགས་དང་ངན་སྐུལ་བྱེད་བཞིན་པ་རེད། འཛམ་གླིང་རང་བཞིན་གྱི་བཟོ་ལས་ཁང་འདི་ཡིས་བོད་མིའི་རིགས་རྫས་རྣམས་རྒྱ་གཞུང་གི་ཉེན་རྟོག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད། ཅེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།