19
Fri, Apr

ཕྱི་ལོ་༢༠༢༢་ཟླ་༡༢་ཚེས་༢༩་ཉིན། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་གནང་སྐབས། པར། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༢་ཚེས་༣༠་ཉིན། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་དུ། ༧གོང་ས་མཆོག་གིས་དད་ལྡན་མི་མང་རྣམས་ལ་རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས། འཕྲད་དུ་བདེ་བའང་བྱང་ཆུབ་ཀྱི་སེམས། ལུས་བདེ་བའང་བྱང་ཆུབ་ཀྱི་སེམས། སེམས་སྐྱིད་པའང་བྱང་ཆུབ་ཀྱི་སེམས། ལུས་བདེ་དང་སེམས་སྐྱིད་པའི་ཐོག་ནས་མི་ཚེ་རིང་པོར་སྡོད་ཐུབ་པའི་ཚེ་སྒྲུབ་ཀྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་པ་ཏན་ཏན་རེད། ཅེས་བཀའ་སློབ་བསྩལ་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨པའི་ཡས་མས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། རྒྱལ་ཕྱི་ནང་ཀུན་ནས་ཕེབས་པའི་དད་ལྡན་མི་མང་ཁྲི་བདུན་ལྷག་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་འདུག

ཐོག་མར། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་དོན། དེ་རིང་མར་མེའི་རྒྱུན་འདི་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པའི་ཧི་རོ་ཞི་མ་(Hiroshima)ནས་རེད། ཧི་རོ་ཞི་མ་ལ་ངོས་རང་སླེབས་མྱོང་ཡོད། ངོས་ཀྱིས་ཧི་རོ་ཞི་མའི་ལོ་རྒྱུས་ཏོག་ཙམ་ཤེས་ཀྱི་ཡོད་པས་སྐབས་དེར་རྡུལ་ཕྲན་མཚོན་ཆའི་འོག་ཤི་བའི་མི་རྣམས་དྲན་ནས་སེམས་ཧ་ཅང་སྐྱོ་སོང་། འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་བྱུང་ན་ཅི་མ་རུང་བསམ་པའི་སྨོན་ལམ་མང་པོ་བརྒྱབ་པ་ཡིན། དུས་ད་ལྟའི་བར་དུ་དམག་འཁྲུག་མུ་མཐུད་ནས་འགྲོ་གི་ཡོད་པ་རེད། མི་གསོད་ཁྲག་སྦྱོར་མུ་མཐུད་ནས་བྱེད་ཀྱི་ཡོད་ཀྱང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ཏེ་དམག་འཁྲུག་མཚམས་ཆད་པ་ཞིག་ད་ཕན་བྱུང་མེད། ད་ཕལ་ཆེར་ཡོང་གི་མ་རེད། འཛམ་གླིང་གང་སར་རྡུལ་ཕྲན་མཚོན་ཆ་ལ་ངོ་རྒོལ་བྱེད་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དངོས་ཡོད་གནས་ཚུལ་ལ་བསམ་བློ་འཁོར་མཁན་ཚོར་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་ཡིན་ན་སྲོག་ཆགས་མང་པོས་སྡུག་བསྔལ་མྱོང་གི་ཡོད་པ་ཧ་ཅང་གསལ་བོ་རེད། གནས་ཁྱད་པར་ཅན་འདིར་དེ་རིང་ཧི་རོ་ཞི་མའི་མེའི་རྒྱུན་ཞིག་ཡོད་པ་བྱས་ཏེ་ང་ཚོས་སྨོན་ལམ་རྒྱག་པའི་གོ་སྐབས་བྱུང་བ་རེད། ཅེས་དང་།

དེང་སང་གི་དུས་ཚོད་འདིར་འཛམ་གླིང་ལ་དམག་འཁྲུག་གི་ཉེན་ཁ་ཏོག་ཙམ་ཆུང་དུ་ཕྱིན་ཀྱང་། ནད་ཡམས་ཀྱི་སྡུག་བསྔལ་གསར་པ་ཞིག་སླེབས་ཡོང་གི་འདུག དེར་བརྟེན། ང་ཚོ་ཚང་མས་འདུན་པ་རྩེ་གཅིག་གི་ཐོག་ནས་ནད་ཡམས་རིམ་པར་རྒྱུན་ཆོད་པ་ཞིག་ལ་ཐུགས་སྨོན་གནང་དགོས་པ་རེད། ནད་ཡམས་འདི་དགའ་རབ་དངངས་སྐྲག་ཆེ་ཙམ་འདུག རྒྱ་ནག་ཏུ་ནད་ཡམས་འདི་དགའ་རབ་ཛ་དྲག་འདུག རྒྱ་གར་དུའང་ནད་ཡམས་འདི་ས་གནས་འགའ་ཤས་སུ་ཡོང་གི་ཡོད་པ་རེད། ང་ཚོ་ཚང་མ་མི་གཅིག་མཚུངས་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བའི་་ཚོར་བ་གཅིག་གྱུར་ཡིན་པས་དེ་རིང་འདུས་ཚོགས་འདིར་སྒྲོལ་མའི་གཟུངས་སྔགས་དང་མ་ཎི་ཏོག་ཙམ་བསག་ནས་ནད་ཡམས་འདི་རྒྱུན་ཆོད་པ་ཞིག་ལ་ཚང་མས་ཐུགས་སྨོན་གནོངས། ཞེས་བཀའ་སློབ་བསྩལ་རྗེས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་པ་དང་། རྗེ་བཙུན་འཕགས་མ་སྒྲོལ་མའི་གཟུངས་སྔགས་བགྲངས་གསོག་མཛད་གནང་འདུག

དེ་ནས་༧གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན། དེ་རིང་རྡོ་རྗེ་གདན་གནས་ཁྱད་པར་ཅན་འདིར་ཚོགས་འཚོགས་ཤིང་སྨོན་བརྒྱབ་པའི་ཉིན་གཉིས་པ་རེད། གནས་ཀྱི་ཁྱད་པར་ཞིག་ཡོད་པ་རེད། སྤྱིར་བཏང་གི་གསོལ་མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་སྒོམ་བརྒྱབ་པ་དང་། སྔོན་གྱི་སྐྱེས་བུ་དམ་པ་མང་པོས་བྱིན་གྱིས་རླབས་པའི་གནས་ཤིག་ཏུ་སྒོམ་བརྒྱབ་པ་གཉིས་ལ་ནུས་པ་མི་འདྲ་བའི་ཁྱད་པར་ཏན་ཏན་ཡོད་ས་རེད། གནས་ཁྱད་པར་ཅན་རྡོ་རྗེ་གདན་ནས་གང་ཟག་སོ་སོའི་ངོས་ནས་ཀུན་སློང་ཡག་པོ་ཞིག་གསལ་བཏབ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་གྱིས་ཆུ་ཚོད་གཅིག་གམ་ཕྱེད་ཀ་ལ་སྒོམ་སྐྱོན་ནས་བཞུགས་ཚེ་གནས་ཀྱི་ཁྱད་པར་དབང་གིས་དམིགས་བསལ་གྱིས་བྱིན་རླབས་ཡོང་ཐུབ་པ་ཞིག་ཡོད་པ་རེད།

ཁ་སང་སེམས་བསྐྱེད་ཀྱི་སྡོམ་པ་ཞུས་པ་ནི་ཆོས་ཀྱི་སྙིང་པོ་རེད། དེ་རིང་སང་ཉིན་དུས་ཚོད་ཡོད་མཁན་ཚོ་ས་ཆ་འདིར་འཛོམས་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། དེ་དང་འབྲེལ་ནས་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོང་གི་རེད། འདི་ཁྱོད་རང་ཚོར་དྲན་སྐུལ་ཞུས་པ་ཡིན། དགོངས་པར་ཆོངས། ངོས་ཀྱིས་བཤད་ལུང་གི་རྒྱུན་ཞུ་བཞིན་ཡོད། གཙོ་བོ་རྒྱུན་དུ་སོ་སོས་བསླབ་པ་སློབ་གཉེར་གྱིས་སེམས་ལ་གོ་བ་ཡག་པོ་ཆགས་པ་དེ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་ཉི་མ་དང་ཟླ་བ། ལོ། མི་ཚེ་གང་བོར་བསམ་བློ་བཏང་བ་ཡིན་ན་ག་ལེར་སེམས་ལ་ཏན་ཏན་འགྱུར་བ་འགྲོ་རྒྱུ་ཡོད་པ་རེད། འདུས་བྱས་སོ་ན་མི་གནས་པ་ཞེས་པ་བདེན་པ་རེད། ཁྱོད་ཚོས་ནམ་རྒྱུན་བསམ་བློ་བཏང་ནས་མྱོང་བ་ཏོག་ཙམ་ཡོད་པ་ཡིན་ན། དེ་རིང་ནས་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་བསམ་བློ་བཏང་ནས་མྱོང་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་མྱོང་བ་ཉིན་ཤས་རིང་ཏན་ཏན་ཡར་རྒྱས་ཕྱིན་འདུག་བསམ་པ་ཞིག་ལ་ཧུར་ཐག་གནོངས། གང་ལྟར་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་གཉིས་ལས་ལྷག་ཡོད་པ་མ་རེད།

བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དང་པོ་གསུང་མཁན་དང་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ལ་སོགས་པ་གནས་འདིར་ཕེབས་ནས་བསྒོམས་བསྐྱོན་པ་དང་། མྱོང་བ་བཏོན་སའི་ས་ཆ་ཆགས་ཡོད། དེ་ལྟ་བུའི་ཆ་ནས་བྱིན་གྱིས་རླབས་པའི་གནས་ཤིག་ཆགས་ཡོད་པས་ང་ཚོས་ཀྱང་། སྟོན་པ་དང་དེའི་རྗེས་འབྲང་གི་མཁས་པ་དང་གྲུབ་པའི་ཁྱུ་མཆོག་རྣམས་རྣམ་པར་དག་པར་ཡིད་ལ་དྲན་པའི་ཐོག་ནས་སེམས་རྩེ་གཅིག་ཏུ་ཉམས་པར་བཞག་སྟེ། ད་ལྟ་བཤད་པ་མ་ཐག་པ་ལྟར་བསམ་བློ་བཏང་བ་ཡིན་ན་དངོས་གནས་དྲང་གནས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། གསུངས་པ་ལྟར། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས། འཕྲད་དུ་བདེ་བའང་བྱང་ཆུབ་ཀྱི་སེམས། ལུས་བདེ་བའང་བྱང་ཆུབ་ཀྱི་སེམས། སེམས་སྐྱིད་པའང་བྱང་ཆུབ་ཀྱི་སེམས། ལུས་བདེ་དང་སེམས་སྐྱིད་པའི་ཐོག་ནས་མི་ཚེ་རིང་པོར་སྡོད་ཐུབ་པའི་ཚེ་སྒྲུབ་ཀྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་པ་ཏན་ཏན་རེད། དེའི་གྲོགས་སུ་སེམས་རྒྱུད་ཀྱི་སྡུག་བསྔལ་སེལ་ཐུབ་ཀྱི་རེད་དམ་ཞེ་ན་སྟོང་ཉིད་ཀྱི་ལྟ་བར་འབྲེལ་བ་ཡོང་གི་ཡོད། ང་ཚོའི་བློའི་སྐྱོན་ཚང་མ་ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་གྱིས་ཡོང་གི་ཡོད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་ནས་བསམ་བློ་ཏོག་ཙམ་གཏོང་ཐུབ་ན་ཉིན་རེ་བཞིན་དུ་མཐོང་ཚུལ་ལ་སེམས་ལ་འགྱུར་བ་ཐེབ་པ་ཞིག་དང་། སེམས་ལ་ཞི་བདེ་སླེབས་པའི་མྱོང་བ་ཕལ་ཆེར་སོ་སོས་འབད་བརྩོན་བྱས་ན་ཡོང་ཐུབ་པ་རེད། སྟོན་པ་བཅོམ་ལྡན་འདས་ལ་སྒྲུབ་པའི་མཆོད་པ་གཙོ་བོ་འདི་རེད།

སྟོན་པའི་རྗེས་འབྲང་གི་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཉམས་བཞེས་འདི་ལྟ་བུ་གནང་སྟེ་ས་ལམ་གྱི་རྟོགས་པ་བགྲོད་ནས་མཐར་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཐུབ་པར་གསུངས་ཡོད། ང་ཚོ་དེའི་རྗེས་འབྲང་ཡིན་པས་ཁ་མིག་ཡར་ལྟོས་ཀྱིས་ག་ཚོད་ཐུབ་ཐུབ་ཀྱིས་གནས་ཁྱད་པར་ཅན་འདི་ལྟ་བུ་ལ་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ངོས་རང་གི་ལོ་རྒྱུས་ལ་མཚོན་ན་བྱང་ཤར་གྱི་ས་ཆར་སྐྱེས་ནས་ཆུང་ཆུང་སྐབས་སུ་མིག་ལྟོས་བྱེད་ས་དམིགས་བསལ་ཡོད་པ་མ་རེད། དབུས་སུ་སླེབས་ནས་ཡོངས་འཛིན་རྣམ་པ་གཉིས་དང་། ལྷག་པར་དུ་གླིང་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་མང་པོར་བལྟས་པ་ཡིན། སྒོམ་རྒྱག་པའི་བསམ་བློ་ནི་རྒྱ་གར་ལ་སླེབས་ནས་ཤུགས་ཆེ་རུ་བཏང་ཡོད། སོ་སོས་བསམ་བློ་བཏང་ན་སེམས་ལ་འགྱུར་བ་མཐོང་ཆོས་ལ་འདུག ང་ཚོ་ཚང་མ་ཕྱོགས་གཅིག་ནས་མི་གཅིག་པ་རེད། ཡང་སྒོས་ལྷག་པར་ཅན་དུ་བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་། དེ་དང་ཉེ་བའི་ཡུལ་གྲུ་ཁག་ནས་ཡོང་མཁན་དང་། དེ་སྔ་འབྲེལ་བ་རྒྱ་ཆེར་མེད་ནའང་བར་སྐབས་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་སླེབས་མཁན་གསར་པ་མང་པོ་ཡོད་པ་རེད། ཁྱོད་ཚོ་ཚང་མ་གནས་འདིར་སླེབས་ནས་མ་མཐའ་ཡང་ཆུ་ཚོད་གཅིག་ཙམ་ལ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་དང་། རང་གཅིག་པུ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་འགྲོ་བ་ཞིག་ཆགས་ཀྱི་ཡོད། ཚང་མས་ད་སྔུན་ལུང་བཏོན་པ་ནང་བཞིན་སྒྲོལ་མ་དང་མ་ཎི་བསག་ནས་སྒོམ་ཡག་པོ་སྐྱོན་དེ་སེམས་མ་རུང་བ་དེ་རྡོ་རྗེ་གདན་ལ་མ་ཡོང་སྔོན་དང་། སླེབས་པའི་རྗེས་སུ་ཕྲན་བུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོད་པ་ཞིག་བཟོས་ཐུབ་པ་གནང་དགོས།

ཆོས་བྱེད་པ་དང་སྒོམ་རྒྱག་རྒྱུ་འཆར་ཅན་ཡིན་བསམ་པ་མིན་པར་ལོ་རེར་ནས་ལོ་རེར། ཟླ་རེ་ནས་ཟླ་རེར་སེམས་ལ་འགྱུར་ཡོང་བ་ཞིག་དང་། སེམས་ལ་འགྱུར་བ་ག་ཚོད་བྱུང་བའི་ཚོད་ཀྱིས་གཞུང་རྣམས་ཀྱི་བརྗོད་གཞི་ལྗིད་ཁོག་ཆེན་པོ་ཆགས་ནས་སེམས་ལ་འགུལ་བསྐྱོད་ཐེབ་པ་ཞིག་ཡོང་གི་རེད། དེར་བརྟེན། ཚང་མས་ཐོག་མར་ཐོས་བྱུང་གི་ཤེས་རབ་དང་བསམ་བྱུང་གི་ཤེས་རབ། དེ་ནས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སྒོམ་བྱུང་གི་ཤེས་རབ་སྐྱེས་པ་ཞིག་བྱེད་དགོས། དེ་ལྟར་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བསྩལ་གནང་འདུག

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།