05
Sun, Feb

ཕྱི་ལོ་༢༠༢༢ཟླ་༡༢ ཚེས་༩ ཉིན། བཞུགས་སྒར་རྡ་སའི་ཡོངས་གླིང་སློབ་གྲྭ་རུ་བྱིས་སྒྲུང་རི་མོ་དང་བྱིས་སྒྲུང་དཔེ་དེབ་སྣ་ཚོགས་འགྲེམས་སྟོན་མཛད་སྒོའི་སྐབས་ཀྱི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༡༢ ཚེས་༩ ཉིན། བཞུགས་སྒར་རྡ་སའི་ཡོངས་གླིང་སློབ་གྲྭ་རུ་ཁེ་ན་ཌར་རྟེན་གཞི་བྱས་པའི་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་དང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་། མུ་ཏིག་བྱིས་སྒྲུང་དཔེ་ཚོགས། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་བཅས་མཉམ་འབྲེལ་ཐོག་ནས་བྱིས་སྒྲུང་རི་མོ་དང་བྱིས་སྒྲུང་དཔེ་དེབ་འགྲེམས་སྟོན་གནང་སོང་།

དེ་ཡང་། བྱིས་སྒྲུང་དཔེ་དེབ་འགྲེམས་སྟོན་གྱི་མཛད་སྒོའི་ཐོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། མུ་ཏིག་བྱིས་སྒྲུང་དཔེ་ཚོགས་ཀྱི་ཉི་མ་འཚོ་ལགས། གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁས་གྲུབ་ལགས། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་ལགས། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་སྐུ་ཚབ། ཡོངས་གླིང་སློབ་གྲྭའི་སློབ་སྤྱི་དང་། སློབ་ཕྲུག ཕ་མ་སོགས་ཕེབས་གནང་འདུག

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་བོད་ཕྲུག་ཚོ་ཆུང་བྱིས་པའི་དུས་ནས་དཔེ་ཀློག་གི་གོམས་གཤིས་བསྐྲུན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་ཁྱིམ་ཚང་རེ་རེའི་ནང་དུ་དཔེ་མཛོད་ཆུང་ཆུང་རེ་བཟོ་ཐུབ་ན་ཡག་པོ་ཡོད་པ་དང་། ཕ་མ་ཚོས་ཕྲུ་གུར་དཔེ་ཀློག་གི་མིག་དཔེ་བཟང་པོ་བསྟན་ཐུབ་ན་ཕྲུག་གུའང་གོམས་གཤིས་བཟང་པོ་འཇགས་ཀྱི་རེད་ཅེས་སོགས་གསུངས་སོང་།

དེ་ནས་ཉི་མ་འཚོ་ལགས་ཀྱིས་བརྗོད་དོན། བཙན་བྱོལ་ནང་དུ་བོད་ཡིག་ཐོག་ནས་བྱིས་སྒྲུང་མང་པོ་མེད་པའི་དཀའ་ངལ་འཕྲད་པ་ལ་བརྟེན་ནས་རང་ཉིད་ཀྱིས་བྱིས་སྒྲུང་འབྲི་འགོ་བརྩམས་ཡིན། བོད་པའི་སློབ་གྲྭའི་ནང་དུ་ཕྲུ་གུ་ཚོ་འཛིན་རིམ་གསུམ་པ་དབར་བོད་ཡིག་ཁོ་ན་སློབ་ཀྱི་ཡོད་པ་དང་། ངའི་ཕྲུ་གུས་འཛིན་རིམ་དང་པོ་ནས་ངས་ཕྱོགས་བསྡུས་བྱས་པའི་བོད་ཡིག་བྱིས་སྒྲུང་ཉིས་བརྒྱ་ཙམ་ཡོད་པ་ཚང་མ་བཀླགས་ཚར་སོང་། སློབ་གྲྭའི་ནང་དུ་བོད་ཡིག་བྱིས་སྒྲུང་ཀློག་ཚར་ཡིན་ནམ་ཞེས་འདྲི་སྐབས་ཚང་མ་བཀླགས་ཚར་ཡིན་ཞེས་ལན་འདེབས་བྱས་སོང་། བྱིས་པ་ཚོས་དཔེ་ཀློག་བྱེད་ཀྱི་མི་འདུག་ཟེར་བ་དེ་རྫུན་མ་རེད། དེར་བརྟེན། ངས་བོད་ཡིག་ཐོག་བྱིས་སྒྲུང་མང་པོ་དགོས་པ་ཚོར་སོང་། དེ་ནས་ངས་དབྱིན་ཇིའི་ནང་དུ་ཡོད་པའི་བྱིས་སྒྲུང་བོད་བསྒྱུར་བྱེད་པ་ཡིན།

དེའི་རྗེས། མཁས་གྲུབ་ལགས་ཀྱིས་བརྗོད་དོན། ཕྱི་ལོ་༢༠༠༤་དང་༢༠༠༧་ལོར་བོད་ལ་ཕྱིར་ལོག་སྐབས། ཕྲུ་གུར་ཚོར་བོད་ཡིག་ཐོག་ནས་བྱིས་སྒྲུང་མེད་པའི་དཀའ་ངལ་འཕྲད་སོང་། དེབ་ཚོང་ཁང་དུ་རྒྱ་མིའི་རིག་གཞུང་དང་སློབ་གསོ་ཡོད་པའི་བྱིས་སྒྲུང་མང་དག་ཞིག་མ་གཏོགས། བོད་པའི་ངོ་བོ་མཚོན་ཐུབ་པའི་བྱིས་སྒྲུང་ཉུང་ཤས་ལས་མེད་པས། དེ་ནས་བོད་པའི་རིག་གཞུང་དང་ངོ་བོ་མཚོན་ཐུབ་པའི་བྱིས་སྒྲུང་དང་སློབ་གསོ་གལ་ཆེན་པོ་ཤེས་རྟོགས་བྱུང་། དེ་ནས་བཟུང་ངས་བོད་པའི་ངོ་བོ་མཚོན་པའི་རི་མོ་འབྲི་འགོ་བརྩམས་པ་དང་། ཕྱི་ལོ་༢༠༡༡་ནས་ད་བར་རི་མོ་༦༠༤་བྲིས་ཡོད་པ་དང་། རི་མོ་རེ་རེར་དུས་ཚོད་རིང་པོ་བཏང་དགོས་ཡོད་རེད། ཕྱི་རྒྱལ་ལ་དུས་ཚོད་སྒོར་མོ་རྩིས་ཀྱི་ཡོད་རེད། འོན་ཀྱང་། ངས་དུས་ཚོད་སྒོར་མོ་རྩིས་ཀྱི་མེད། ངས་མི་ཚེའི་རིན་ཐང་དང་མི་རིགས་ལ་ཞབས་ཞུ་གང་སྒྲུབ་དགོས་འདུག མི་རིགས་འདི་གནས་པར་ག་རེ་བྱེད་དགོས་འདུག་བསམས་ཀྱི་ཡོད།

མཐའ་མར། གོང་གི་ཚོགས་པ་ཁག་གི་བྱིས་སྒྲུང་དང་རི་མོ་རྣམས་ཕྲུ་གུ་དང་ཕ་མ་རྣམས་ལ་འགྲེམས་སྟོན་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།