05
Sun, Feb

རྡ་སའི་བོད་མི་རྣམས་ཀྱིས་བོད་དང་རྒྱ་ནག་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༡༢་ཚེས་༢ཉིན། བཞུགས་སྒར་རྡ་ས་མོག་གྷན་གྱི་སྤྱི་ཐང་དུ། དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྡ་ས་མི་མང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱ་ནག་ནང་ལ་ཏོག་ནད་གཙང་སེལ་གྱི་སྲིད་ཇུས་ཀྱིས་དཀའ་ངལ་འཕྲད་ནས་ངོ་རྒོལ་བྱས་དང་བྱེད་བཞིན་པ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་རོ་ཆུ་ཚོད་༥་པའི་ཐོག དབུས་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྡ་ས་བོད་མི་རྣམས་ཀྱིས་རྡ་ས་མོག་གྷན་གྱི་སྤྱི་ཐང་དུ། བོད་དང་རྒྱ་ནག་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་སོང་།

ཐོག་མར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བརྗོད་དོན། ཝུ་ཧན་ནས་ཆད་པའི་ཏོག་དབྱིབས་གཉན་རིམ་༡༩་པ་བོད་ནང་ལ་ཁྱབ་གདལ་ཕྱིན་སྐབས། རྒྱ་དམར་སྲིད་གཞུང་གིས་ནད་ཡམས་ལ་ཁ་གཡར་ཏེ་བོད་མི་རིགས་རྩ་མེད་བཟོ་ཆེད་ཏོག་དབྱིབས་གཙང་གསེལ་སྲིད་བྱུས་ཀྱི་ཁྲིམས་སྒྲིག་གསར་བཟོ་བྱས་པ་དང་། སྒོ་རྒྱ་འདམས་པ་དེའི་སྐབས་སུ་བོད་མི་མང་དག་ཞིག་གིས་རང་སྲོག་བཅད་ཡོད། དེ་བཞིན་རྒྱ་དམར་གཞུང་ནས་ཏོག་དབྱིབས་ནད་པ་རྣམས་ཁ་ལག་རྙིང་པ་སྤྲོད་པ་ལ་སོགས་པའི་འུ་ཐུག་གི་གནས་སྟངས་མང་དག་ཞིག་ང་ཚོས་སྤྱི་ཚོགས་འདྲ་ལམ་རྒྱུད་མིག་མཐོང་ལག་ཟིན་བྱུང་བའི་ཛ་དྲག་གི་གནས་སྟངས་ཆགས་ཡོད། ཡིན་ཡང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་མ་གོ་མ་ཐོས་ཀྱི་རྣམ་འགྱུར་སྟོན་པ་དེ་ལ་ངེད་ལྷན་ཚོགས་ནས་དགག་པ་མཐའ་གཅིག་ཏུ་ཡོད། ཅེས།

ཁོ་མོས་མུ་མཐུད་ནས་བརྗོད་དོན། དེ་བཞིན་ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༢༣ ནས་བཟུང་འདས་པའི་ཉིན་ཤས་རིང་གི་རྒྱལ་སྤྱིའི་ཆེས་གྲགས་ཆེ་བའི་གསར་འགྱུར་རྒྱུད་ལམ་ཁག་གི་མདུན་ཤོག་ནང་གསལ་བར་ལྟར་རྒྱ་ནག་གི་ས་ཁུལ་བཅུ་ཕྲག་འགའ་ཞིག་ཏུ་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད་པ་མ་ཟད། ད་བར་ཁྱོན་རྒྱ་ནག་གི་སློབ་གྲྭ་ཁག་མང་པོའི་ནང་དང་རྒྱ་ནག་གི་ཞིང་ཆེན་གསུམ་ཆ་གཅིག་ནང་དུ་རྒྱུན་ཆད་མེད་པའི་རྔམ་སྟོན་ཁྲོམ་སྐོར་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ནི་བརྗོད་མེད་རེད་ལ། དེ་བཞིན་ཆིན་ཧྭ་སློབ་གྲྭ་ཆེན་མོ་དང་ཞི་ཨཱན་སློབ་གྲྭ་ཆེན་མོ་སོགས་རྒྱ་ནག་གི་ས་གནས་མང་པོར་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་དམར་ཤོག་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་གྱི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱེད་བཞིན་པ་རེད།

དེ་མ་ཟད་གོང་གི་གནས་ཚུལ་རྣམས་ནས་འཛམ་གླིང་ཁྱོན་ཡོངས་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཡོད་ལ་ད་རེས་ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གོ་སྐབས་དེ་བཟུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་དཔོན་རིགས་རྣམས་ནས་རྒྱ་ནག་དམར་གཞུང་ལ་ད་རེས་ཀྱི་གནས་ཚུལ་ཛ་དྲག་འདི། སྤྱི་ལོ་༡༩༨༩ ལོར་རྒྱ་ནག་གྱི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གི་མཐོ་རིམ་སློབ་མ་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་རྒྱ་ནག་རང་དབང་དང་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་དགོས་འདུན་བཏོན་པར་རྒྱ་གཞུང་གིས་གོ་མཚོན་དམག་མི་ཆེད་གཏོང་གིས་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་བསད་བཏང་ཡོད། དྲག་གནོན་དོན་རྐྱེན་དེ་འདྲ་བསྐྱར་ཏུ་མི་འབྱུང་བར་ཐབས་ཤེས་བྱ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་འབོད་སྐུལ་ཞུས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ནས་ད་ལྟའི་རྒྱ་ནག་དམར་གཞུང་གི་སྤྱི་དམངས་ཀྱི་རང་དབང་ལ་རྡོག་རོལ་བྱེད་སྟངས་ལ་བོད་རྒྱ་གཉིས་ཀྱི་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། བོད་དང་རྒྱ་ནག་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་ལྷན་ཁང་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་མྱུར་སྐྱོབ་ཀྱི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།