05
Sun, Feb

ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༣༠ ཉིན། འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གཉིས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༡༡ ཚེས་༣༠ ཉིན། རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་ཡི་ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཕྱིར་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་བཤེས་རྣམས་དབུ་བཞུགས་ཐོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༨པའི་ཐོག བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། དགོན་པ་ཁག་ནས་ཕེབས་པའི་གྲྭ་བཙུན་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མི་མང་སྟོང་ཕྲག་འགའ་མཉམ་ཞུགས་གནང་སོང་།

༧གོང་ས་མཆོག་གིས་ཐོག་མར་གསུང་དོན། དེ་རིང་ཆོས་གྲོགས་ཚོས་བརྟན་བཞུགས་གསུངས་པ་རེད། གདན་གསུམ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་དང་། འབྲས་སྒོ་མང་གྲྭ་ཚང་ཐུན་མོང་ནས་གཙོ་བོ་འཁུར་བཞེས་ནས་བརྟན་བཞུགས་ཕུལ་བ་དེ་ལྟར་རེད། དེ་རིང་ངོས་ཀྱིས་འདིར་ཆེད་མངགས་ཝ་ཏི་བཟང་པོའི་སྐུ་པར་སྒྲིག་ཡོད། ངོས་རང་སྡོད་ས་ལ་ཝ་ཏི་བཟང་པོའི་སྐུ་ཡོད། འཆར་ཅན་མ་ཎི་བགྲངས་ཏེ་གསོལ་བ་འདེབས་ཀྱི་ཡོད། འཕགས་པ་སྤྱན་རས་གཟིགས་བོད་ཁ་བ་གངས་ཅན་པའི་ལྷ་སྐལ་རེད། ངོས་རང་ལ་ཆ་བཞག་ན་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡོད་པ་ཞིག་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་བྱས་ཏེ་དུས་ད་ལྟའི་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་སྒྲུབ་ཡོད། སླད་ཀྱང་ལོ་ངོ་བཅུ་ཕྲག་གཉིས་གསུམ་རིང་ལ་འཕགས་པའི་དགོངས་པ་ནང་བཞིན་ཁ་ཞེ་གཉིས་མེད་ཀྱིས་བསྟན་པ་སྤྱི་ཕན་གྱི་ཕན་ཐོགས་སྒྲུབ་ཀྱི་རེད། འཕགས་པའི་བྱིན་རླབས་གནང་ཤོག་ཅེས་ཉིན་ལྟར་སྨོན་ལམ་རྒྱག་གི་ཡོད། དེ་རིང་ཡང་རྟེན་འབྲེལ་གྱི་རྩ་བ་བྱས་ཏེ་འདིར་ཝ་ཏི་བཟང་པོའི་འདྲ་པར་ཞིག་སྒྲིག་པ་དེ་ལྟར་ཡིན། ཁྱོད་རང་ཚོས་ངོས་ལ་རེ་བ་བརྒྱབ་སྟེ་ངོས་རང་ཚེ་རིང་པོ་ཡོང་བའི་ཆེད་དུ་བརྟན་བཞུགས་གསུང་གི་ཡོད་པ་རེད། ཡིན་ནའང་། ངོས་ཀྱི་མགོན་དང་སྐྱབས་དང་། དཔུང་གཉེན་མཆོག་ཏུ་གྱུར་པ་ནི་ཝ་ཏི་བཟང་པོ་རེད། འཕགས་པ་སྤྱན་རས་གཟིགས་རེད། ངོས་རང་གང་འདྲ་ཞིག་ལ་བཞག་དང་འཇོག་མིན་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་ཏུ་ཡོད་པ་ཞིག་རེད། ལོ་ཀེ་ཤྭ་ར་ལྷ་སར་བཞུགས་ཡོད་པ་དང་། ཝ་ཏི་བཟང་པོ་ནི་རྟེན་འབྲེལ་ལྟོས་གྲུབ་ཅིག་གི་ཐོག་ནས་ངོས་རང་སྡོད་ས་ལ་བཞུགས་རྒྱུ་ཆགས་པ་རེད། ངོས་ཀྱིས་ཉིན་ལྟར་ཝ་ཏི་བཟང་པོའི་སྐུ་མཇལ་ནས་སྨོན་ལམ་རྒྱག་སྐབས་ཞལ་འཛུམ་ཤིག་ཤིག་ཡོད་པ་མཇལ་གྱི་འདུག ཁྱོད་རང་ཚོས་ངོས་ལ་རེ་བ་རྒྱག་གི་ཡོད་པ་རེད་དེ་གཙོ་བོ་ཝ་ཏི་བཟང་པོའི་ཕྱག་ལ་ཡོད་པ་ཞིག་རེད། ངོས་ཀྱི་ངོས་ནས་འཕགས་པ་སྤྱན་རས་གཟིགས་དང་། སྐབས་སུ་བབ་པ་ཝ་ཏི་བཟང་པོའི་དགོངས་པར་ག་རེ་ཡོད་པ་ནང་བཞིན་ད་ལྟའི་བར་དུ་སྒྲུབ་པ་ཡིན། སླད་ཀྱང་ལོ་བཅུ་ཕྲག་གཉིས་གསུམ་རིང་ཝ་ཏི་བཟང་པོའི་དགོངས་པ་ནང་བཞིན་ངོས་ཀྱིས་ཧུར་ཐག་གིས་སྒྲུབ་ཀྱི་རེད། ཝ་ཏི་གསུང་པོར་གསུང་འབྱོན་རྒྱུ་དང་གོམ་པ་སྤོ་རྒྱུ་ཡོད་པ་མ་རེད། ཝ་ཏི་བཟང་པོའི་བྱིན་རླབས་ངོས་ལ་གནང་སྟེ་སྐུ་གསུང་ཐུགས་ཀྱི་སྐུ་ཚབ་ངོས་ཀྱིས་བྱེད་ཀྱི་ཡོད། གང་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་དང་མཐུན་པ་ཞིག་དང་། མ་འོངས་པར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ལ་ག་རེ་ཡོད་པ་ནང་བཞིན་ངོས་ཀྱིས་སྒྲུབ་བསམ་པ་ཞིག་བློ་ལ་ཤར་བཞིན་ཡོད།

དེ་རིང་འདིར་སེར་སྐྱ་མི་མང་སྤྱི་དང་ལྷག་པར་དུ་གདན་གསུམ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ་དང་། འབྲས་སྒོ་མང་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་བ་རེད། འདིར་དངོས་སུ་འཁོད་མེད་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཚོ་ལ་དམིགས་བསལ་གྱིས་འཚམ་འདྲི་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཐབས་སྐྱོ་བོ་ལྟ་བུ་ཞིག་རེད་དེ། བཙན་བྱོལ་བའི་གོ་སྐབས་འདིར་འཛམ་གླིང་སྤྱི་ནས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་མཐོང་སྡོད་པ་ཞིག་དང་། དགའ་མོས་བྱེད་བཞིན་ཡོད། གཙོ་ཆེ་ཤོས་སེ་འབྲས་དགའ་གསུམ་བཙན་བྱོལ་དུ་ཡོད་པ་ཚོས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཚང་མས་ཧུར་ཐག་གནང་ཤོག ཕྱོགས་གཅིག་ནས་བསླབ་པ་སློབ་གཉེར་རམ་དཔེ་ཆར་བལྟ་རྒྱུ་དང་། གཉིས་ནས་ཐོས་དོན་སྒྲུབ་ལ་གཞོལ་ནས་ཉིན་རེ་བཞིན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་མྱོང་སྟོན་ཐུབ་པ་ཞིག་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་ཐུབ་པ་ཞིག་དགོས། འདིར་སྦྱིན་བདག་གི་གྲས་སུ་སྒོ་མང་གྲྭ་ཚང་ཡོད་པ་རེད། དེ་རིང་གོ་སྐབས་འདི་བརྒྱུད་ནས་སེ་འབྲས་དགའ་གསུམ་སྤྱི་དང་ལྷག་པར་དུ་སྒོ་མང་གྲྭ་ཚང་གི་ཕྱག་དཔེ་གཟིགས་མཁན་ཚོས་གོང་དུ་ཞུས་པ་ལྟར་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་སྤུས་དག་པོ་ཞིག་ཡོང་བ་ལ་ཐུགས་འཁུར་བསྐྱེད་ཅིག ཅེས་བཀའ་སློབ་དང་། ཞལ་རྩེད་དང་འབྲེལ་ངོས་རང་ཆུང་ཆུང་སྐབས་སུ་ཨ་མདོ་རེད། སྐུ་འབུམ་གྱི་གྲྭ་རྒྱུན་ཆགས་ཡོད་པས་སྒོ་མང་གྲྭ་ཚང་ལ་འབྲེལ་བ་ཞིག་ཡོད་པ་རེད། བློ་གསལ་གླིང་དང་སེ་ར་སོགས་ལ་འབྲེལ་བ་དེ་ཙམ་མེད་པར་སྒོ་མང་གྲྭ་ཚང་ཟེར་དུས་སེམས་ཐག་ཉེ་བོ་ཞིག་ཡོད། ཅེས་བཞད་མོ་དང་སྦྲགས་བཀའ་སློབ་སྩལ་བ་དང་།

མུ་མཐུད་ནས་བཀའ་སློབ་སྩལ་དོན། ང་ཚོ་དུས་ཚོད་གཉན་འཕྲང་འདི་འདྲ་ཞིག་གི་སྐབས་སུ་ཚང་མས་ཧུར་ཐག་འབད་ཐག་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་ལོ་བཅུ་ཕྲག་གཅིག་གཉིས་རིང་ལ་ངོས་ཀྱིས་མགོ་ཁྲིད་ནས་སྡོད་ཀྱི་རེད་ལ། ཁྱོད་རང་ཚོས་ཐོས་བསམ་སྒོམ་གསུམ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡག་པོ་ཡོང་བ་ལ་ཐུགས་འཁུར་བསྐྱེད་ཤོག ད་ལྟ་སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ཡག་ཐག་ཆོད་ཡོད་ཀྱང་། ད་དུང་མུ་མཐུད་དུ་ལྷོད་ཡངས་སུ་མ་སོང་བ་ཞིག་ལ་ཚང་མས་གཟབ་གཟབ་གནོངས། དེ་ཙམ་དུ་མ་ཟད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ཚོར་ངོས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞེན་སྐུལ་ཞུ་བཞིན་ཡོད་ལ། གཞེན་སྐུལ་ཞུས་པ་དང་དུ་བླངས་ནས་ག་ཚོད་ཐུབ་ཐུབ་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཆོས་ཀྱི་བྱ་བ་སྒྲུབ་ཀྱི་འདུག ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་མུ་མཐུད་དུ་ལྷོད་ཡངས་སུ་མ་སོང་བ་ཞིག་གནང་རོགས། དེང་གི་དུས་ཚོད་འདིར་འཛམ་གླིང་དུ་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་བཞིན་པ་དང་། སངས་རྒྱས་པའི་ཆོས་ནི་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པ་ལྟར་རིགས་པས་བརྟག་དཔྱད་བྱེད་པ་དང་། ལག་ལེན་གྱི་ཐོག་ནས་ཉམས་མྱོང་ཇི་འདྲ་ཡོང་གི་འདུག ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་བསམ་བློ་བཏང་སྟེ་ལག་ལེན་གྱི་སྟེང་ནས་སོ་སོའི་སྒོ་གསུམ་གྱི་མ་རུང་བ་བྱེད་པའི་ཉོན་མོངས་ཀྱི་རིགས་ཤུགས་ཆུང་དུ་འགྲོ་བ་དང་། དེའི་གཉེན་པོའི་ཕྱོགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་བཅས་ག་ལེར་ཤུགས་ཆེ་རུ་འགྲོ་བ་ཞིག་ལ་ཚང་མས་འབད་བརྩོན་བྱེད་བཞིན་ཡོད་པ་རེད། ཧ་ཅང་ཡག་པོ་རེད།

ངོས་རང་ཁ་བཤད་ལག་སྟོང་མིན། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་རེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་རྐྱེན་ངན་མང་པོ་ཞིག་ལ་འཕྲད་ཀྱང་། ཟབ་པ་དང་རྒྱ་ཆེ་བའི་སངས་རྒྱས་པའི་ཆོས་ལ་བསམ་བློ་གཏོང་བ་འདིས་སོ་སོའི་སེམས་ལ་སྙིང་སྟོབས་དང་། སེམས་ཀྱི་ཞི་བདེ་ངོ་ཐོག་ལ་ཡོང་བ་ཞིག་དང་། སེམས་ཀྱི་ཞི་བདེ་ཡོད་པ་དེའི་རྐྱེན་གྱིས་ལུས་པོ་ལའང་ཧ་ཅང་བདེ་ཐང་འདུག ང་ཚོ་བཅོམ་ལྡན་འདས་ཀྱི་ན་བཟའ་བཞེས་མཁན་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་བྱས་ཏེ་ཉམས་ལེན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་གོ་སྐབས་འདི་བཟུང་ནས་འདི་ཡི་འདུས་ཚོགས་ཉུང་ཤས་དང་། གདན་ས་ཚོས་ད་ལྟའི་བར་དུ་ཧུར་ཐག་གནང་བ་རེད་ལ་མུ་མཐུད་ནས་ཧུར་ཐག་གནང་ཤོག ཚང་མས་ཕྱག་དཔེ་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་ནང་པའི་ཆོས་ལ་སློབ་གཉེར་གནང་མཁན་བོད་པ་ལས་ལྷག་མེད་པ་གསལ་བོ་རེད། བོད་ནང་ལ་མཚོན་ན་རང་དབང་ཡོད་པ་མ་རེད། ང་ཚོ་འདིར་རང་དབང་ལུང་པར་ཡོད་པ་ཚོས་སེམས་ཤུགས་སྒྲིམ་ནས་ཧུར་ཐག་བྱོས་དང་། བོད་ནང་ལ་ཤུགས་རྐྱེན་ཏན་ཏན་ཐེབས་ཀྱི་ཡོད་པ་རེད། བོད་ཙམ་དུ་མ་ཟད་པའི་ཆེན་པོ་ཧོར་གྱི་ཡུལ་ལམ་སོག་པོའི་ཡུལ་ཁག་ཏུ་སྔ་མོ་ནས་ནང་པ་སངས་རྒྱས་པའི་ཆོས་ལ་འབྲེལ་བ་ཡོད་པ་རེད། ཁ་སང་ངོས་རང་སོག་པོ་ཚོར་ཐུག་པ་ཡིན། གང་ལྟར་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་དང་སྤུས་དག་པོ་ནི་ཕལ་ཆེར་བོད་པ་གཅིག་པུ་རེད། ཝི་ཏི་ནམ། འབར་མ། སིངྒ་པོར། ཤྲིལངྐ་སོགས་སུ་ནང་པའི་ཆོས་ཡོད་ཀྱང་། དེ་ཙམ་ཞིབ་ཚགས་པོའི་ཐོག་སློབ་སྦྱོང་བྱས་ཏེ་སེམས་གཏིང་ནས་རྒྱུ་མཚན་མཐོང་ནས་དད་པ་བརྟན་པོ་ཐོབ་སྟེ་ཉམས་ལེན་བྱེད་མཁན་བོད་པ་ཡག་ཤོས་རེད། མུ་མཐུད་དུ་ཧུར་ཐག་གནང་རོགས་ཞེས་ཞུ་འདོད་བྱུང་། ཞེས་སོགས་བཀའ་སློབ་སྩལ་བ་དང་།

དེ་རྗེས་མུ་མཐུད་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་ཤིང་། སྨོན་ལམ་ཚོགས་ཆུང་གི་ཚོགས་གཙོ་བློ་གླིང་མཁན་རིན་པོ་ཆེ་དང་། སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་ཟུར་འདེགས་གནང་བ་དང། རིམ་བཞིན་དབུ་བཞུགས་མཆོག་སྐུ་བཞེངས་ཐོག་རྗེ་ཚེ་འཛིན་མའི་སྐུ་དང་། གསུང་རྟེན། ཐུགས་རྟེན། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ་བཅས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཕུལ་བ་དང་། དེ་བཞིན་སྒོ་མང་མཁན་རིན་པོ་ཆེ་མཆོག་གིས་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་བཅས་འབུལ་རྟེན་རྣམས་རིམ་པར་ཕུལ་ཞིང་། གནས་ཆུང་ཆོས་སྐྱོང་ཆེན་པོ་སྤྱན་འདྲེན་གྱིས་ཚེ་འགུགས། ཚེ་མདའ་ཕུལ་བ་དང་། ཚོགས་ཁག་གཉིས་ཀྱི་སྐུ་ཚབ་ཁག་གིས་མཇལ་ཁ་ཞུས་པ་སོགས་བརྟན་བཞུགས་ཀྱི་ཆོ་ག་ལེགས་པར་གྲུབ་མཚམས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་སོང་།

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།