20
Sat, Apr

ཕྱི་ལོ་༢༠༢༢ ཟླ་༩ ཚེས་༧ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་ལྔ་ཡིས་༧གོང་ས་མཆོག་ལ་བརྟན་ཞུགས་འབུལ་སྐབས་ཀྱི་པར། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༩ ཚེས་༧ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་། གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔ་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་ཡུལ་རིག་གཞུང་གཅེས་སྐྱོང་ཚོགས་པ་དང་། གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར་ཐུན་མོང་། སིཊ་ནི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཚོགས་ཁག་ལྔ་ཡིས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་བོད་མི་གཙོས་པའི་དད་ལྡན་པ་དང་ཕྱི་རྒྱལ་བ་སོགས་བརྒྱ་ཕྲག་མཉམ་ཞུགས་གནང་སོང་།

ཐོག་མར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བརྟན་བཞུགས་ཀྱི་སྦྱིན་བདག་མོན་ཡུལ་རིག་གཞུང་གཅེས་སྐྱོང་ཚོགས་པ། གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར་ཐུན་མོང་། ཨོསྟྲེ་ལི་ཡཱའི་སིཊ་ནི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་དངོས་སུ་ཐོན་ཏེ་བརྟན་བཞུགས་ཕུལ་བ་དེ་ལྟར་རེད། གང་ལྟར་ངོས་ལ་བྱང་ཆུབ་ཀྱི་སེམས་ཀྱི་མྱོང་བ་བཅོས་མ་ཞིག་སྐྱེས་ཡོད། བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་ཡོད་པའི་ཐོག་ནས། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་ངོས་ཀྱིས་ཉིིན་རྒྱུན་སྨོན་ལམ་རྒྱག་གི་ཡོད།དེ་རིང་སྐབས་སུ་བབ་པ་ངོས་དང་ལས་དང་སྨོན་ལམ་གྱིས་འབྲེལ་བའི་༸རྒྱལ་དབང་གི་མིང་ཐོགས་མཁན་ཞིག་ལ་སྐྱེས། བོད་རྒྱ་ཆེའི་མི་མང་ལྟ་ཅི་སྨོས། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་ནས་ཀྱང་མཐའ་གཅིག་ཏུ་དད་མོས་ཆེན་པོ་རེད།

ཉེ་ཆར་ངོས་རང་ཟངས་དཀར་དང་ལ་དྭགས་གླེ་སོགས་ས་ཁུལ་ཁག་ཁ་ཤས་ལ་ཕྱིན་པ་ཡིན། མི་མང་ཚོ་དད་འདུན་ཧ་ཅང་ཤུགས་ཆེན་པོ་རེད། འབྱུང་འགྱུར་མོན་ལ་འགྲོ་རྒྱུའི་འཆར་གཞི་འདིང་གི་ཡོད། འདིར་ཁྱོད་ཚོ་མོན་པ་ཁ་ཤས་སླེབས་ཡོད་པ་མ་ཟད་དངོས་གནས་དྲང་གནས་དད་དམ་གཡོ་བ་མེད་པ་རེད། དེར་བརྟེན་སྐྱེས་པ་འདི་རང་ལ་མི་མང་པོས་དགའ་མོས་བྱས་ཏེ། བསྟན་པའི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཐུབ་པ་མིག་མཐོང་ལག་ཟིན་དུ་ཡོད་པའི་སྐབས་སུ་ཚེ་རིང་དུ་གནས་རྒྱུ་ནི་རྒྱུ་མཚན་ལྡན་པ་རེད་ལ། འཕེན་པ་གཏོང་གི་ཡོད། གང་ལྟར་ད་ལྟ་ལོ་བརྒྱད་ཅུ་གྱ་བདུན་རེད། ངོས་ཀྱིས་བརྟག་དཔྱད་བཏང་ཡོང་དུས་མུ་མཐུད་ནས་འབྱུང་འགྱུར་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ཐུབ་པའི་མཚན་མ་བརྟན་པོ་འདུག དངོས་ཡོད་གནས་ཚུལ་ལ་ངོས་ཀྱིས་མི་མང་པོར་ཕན་ཐོགས་བྱེད་ཐུབ་པ་ཞིག་དང་། མདོར་ན་ནང་པ་མིན་པའི་མི་མང་པོ་ལའང་ཕན་ཐོགས་ཅུང་ཙམ་བྱེད་ཐུབ་པ་ཆགས་པས་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་བྱེད་ཀྱི་ཡིན་ཞེས་སྨོན་ལམ་བརྒྱབ། དམ་བཅའ་བཞག་ཡོད་མཁན་ཞིག་གིས་མཐོང་ཆོས་ཚེ་འདི་ལ་ཕན་ཐོགས་གང་ལ་གང་འཚམ་ཡོང་བས་ཕན་ཐོགས་ཀྱི་གོ་སྐབས་ཡོད་པ་འདི་ག་ཚོད་རིང་རིང་དུ་འཚོ་ཐུབ་པ་ཞིག་ནི་རྒྱུ་མཚན་ལྡན་པའི་སྐད་ཆ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་ལས་ཀ་ལྟ་བུའི་སྐད་ཆ་མ་རེད། གཞན་ཕན་གྱི་བློ་ལྷག་བསམ་སྐྱེས་ནས་གང་ལ་གང་འཚམ་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡོད་སྟབས་ཚེ་རིང་དུ་གནས་པ་ལ་ངོས་རང་ཡང་སྨོན་ལམ་རྒྱག་གི་ཡོད། ཁྱོད་རང་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག

དེ་རིང་འདིར་སྒྲོལ་དཀར་གྱི་ཚེ་སྦྱིན་དང་འབྲེལ་བའི་ཐོག་ནས་བརྟན་བཞུགས་གནང་གི་ཡོད་པ་རེད། ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་རེད། ངོས་ཀྱིས་སྒྲོལ་དཀར་གྱི་ཚེ་སྒྲུབ་ཉིན་རྒྱུན་འདོན་བཞིན་ཡོད། འདིར་ཚེ་སྒྲུབ་གནང་རྒྱུ་ལ་ཁྱོད་ཚོས་སྨོན་ལམ་ཡག་པོ་ཞིག་སྐྱོན། ངོས་ཡང་རྡོ་རྗེ་ཕ་ལམ་ནང་བཞིན་གྱི་འཕེན་པ་བཟུང་བཞིན་ཡོད། ཁྱོད་རང་ཚོ་བློ་བདེ་བོར་བཞུགས། ཞེས་བཀའ་སློབ་སྩལ་སོང་།

དེ་ནས་ཁོང་གིས་གསུང་དོན། ལ་དྭགས་དང་ཟངས་དཀར་བཅས་བོད་ཀྱི་ས་མཚམས་སུ་མི་ཚོ་ཧ་ལས་པའི་དད་པ་གཡོ་བ་མེད་པ་རེད། བོད་རྒྱ་ཆེའི་མི་མང་དང་ཆོས་དང་རིག་གཞུང་གཅིག་མཚུངས་ཡིན་པའི་ཆ་ནས་དད་པ་དམ་ཚིག་གཡོ་བ་མེད་པར་འདུག བོད་ནང་དུ་བཙན་དབང་འོག་ལ་ཚུད་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ངོས་ལ་བརྒྱ་ཆ་བརྒྱ་ཐམ་པ་དད་པ་དང་མོས་པ། ཡིད་ཆེས་རྩེ་གཅིག་ཏུ་ཡོད་པ་ཆགས་ཡོད། དེང་སང་རྒྱ་ནག་ཏུའང་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ་ནང་ཆོས་བཤད་ཡོང་སྐབས་དེ་སྔ་ཏཱ་ལའི་ལོག་སྤྱོད་པ་ཞེས་བཤད་པ་དེ་ལོག་སྤྱོད་པ་རང་རེད་མི་འདུག་ཟེར་བ་ལྟར་དགའ་པོ་བྱེད་མཁན་མང་དུ་འགྲོ་གི་འདུག མཐོང་ཆོས་ལ་མི་མང་པོར་ཕན་གྱི་ཡོད་པས་ངོས་རང་སྙིང་སྟོབས་སྐྱེས་ཏེ་ཚེ་ཡུན་དུ་བརྟན་པའི་ཐོག་ནས་འཕགས་ཡུལ་རྒྱ་གར། རྒྱ་ནག བོད་ཁ་བ་གངས་ཅན་གྱི་མི་ཙམ་མ་ཡིན་པར་ཡུལ་ལྷ་གཞི་བདག་ཚང་མ་དངོས་གནས་ངོས་ལ་དགའ་མོས་ཆེན་པོ་བྱས་ཏེ་ཡོད་པ་རྨི་ལམ་སོགས་སུ་གནས་ཚུལ་གསལ་པོ་ཡོང་གི་འདུག ཅེས་གསུངས་སོང་།

དེ་རྗེས་བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད། མཆོད་བསྟོད་ཚེ་འགུགས་བཟླས་པ་ཡན་སོང་མཚམས་རྩ་རུའི་ཚོགས་འཁོར་འབུལ་བཞེས་སོགས་བརྟན་བཞུགས་ཀྱི་ཆོ་ག་བསྐྱངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།