18
Thu, Apr

ཕྱི་ལོ་༢༠༢༢ ཟླ་༨ ཚེས་༢༣ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་བཀའ་སློབ་གནང་བཞིན་པ། པར། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༨ ཚེས་༢༣ ཉིན། ༧གོང་ས་མཆོག་གིས་བོད་ནང་ལ་ཆ་བཞག་ན་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་དངོས་གནས་དྲང་གནས་རི་བཙུགས་པ་བཞིན་འགྱུར་བ་མེད་པ་རེད་འདུག ང་ཚོར་དཔལ་ན་ལེནྡྲའི་ནས་རྒྱུད་པའི་རིག་གཞུང་དང་སངས་རྒྱས་ཀྱི་ཆོས་ཧ་ཅང་སྤུས་དག་པོ་ཞིག་ཡོད་པར། རྒྱ་མིའི་མཁས་པ་མང་པོས་དོ་སྣང་གསར་པ་བྱེད་བཞིན་འདུག རིམ་པས་རྒྱ་ནག་ནང་ལའང་བོད་ཀྱི་ཆོས་ཁྱབ་འཕེལ་ཡོང་བཟོ་འདུག དུས་ཀྱི་འགྱུར་བ་འདི་ལྟར་འགྲོ་བས་ནམ་ཞིག་ལ་དྭགས་ཀྱི་བོད་ཀྱི་གྲོགས་པོ་ཚོ་ལྷ་ས་ལ་འཛོམས་པའི་གོ་སྐབས་ཡོང་སྲིད་པས། ཚང་མ་བློ་བདེ་པོ་དང་སེམས་བཟང་པོ་བྱས་ཏེ་བཞུགས། ཅེས་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེའི་བདེ་སྐྱིད་ཚལ་དུ་གསར་དུ་བཞེངས་གནང་བའི་ཐུབ་བསྟན་གླིང་དགོན་པ་དབུ་འབྱེད་གནང་ནས་བཀའ་སློབ་སྩལ་འདུག ༧གོང་ས་མཆོག་གིས་ལ་དྭགས་གླེ་བདེ་སྐྱིད་ཚལ་དུ་གསར་བཞེངས་གནང་བའི་ཐུབ་བསྟན་གླིང་དགོན་པར་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་དུ་འདས་པོ་ཨེམ་ཆི་ཟླ་བའི་རྗེས་དྲན་མཆོད་རྟེན་ལ་རབ་གནས་མཛད་རྗེས་ཐུབ་བསྟན་གླིང་དགོན་པར་ཕེབས་ཡོད་འདུག སྐབས་དེར་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་དང་། དད་ལྡན་མང་ཚོགས་ཀྱིས་མཇལ་དར་དར་དཀར་དང་བདུག་སྤོས། མེ་ཏོག་སོགས་བསྣམས་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་ཐུབ་བསྟན་གླིང་དགོན་པར་༸ཞབས་སོར་འཁོད་དེ་འདུ་ཁང་གསར་པར་རབ་གནས་སྒོ་འབྱེད་གནང་བ་དང་། འདུ་ཁང་གི་བཞུགས་ཁྲིར་འཁོད་མཚམས་བདེ་སྐྱིད་ཚལ་ཐུབ་བསྟན་གླིང་དགོན་པ་དང་། བདེ་སྐྱིད་ཚལ་རིག་གཞུང་བདེ་དོན་ཚོགས་པ།(Diskit Tsel Culture Welfare Society) བདེ་སྐྱིད་ཚལ་བུད་མེད་ཚོགས་པ།(Diskit Tsel Women Alliance) བདེ་སྐྱིད་ཚལ་སྐུ་མདུན་ཚོགས་པ། བདེ་སྐྱིད་ཚལ་དམག་ཟུར་ཚོགས་པ།( Diskit Tsel Ex-Servicemen Society) བདེ་སྐྱིད་ཚལ་བསྟན་བདེ་ཚོགས་པ།(Diskit Tsel Standay Tsokpa) ཐུབ་བསྟན་གླིང་དགོན་པ་གསར་བཞེངས་ཚོགས་པ་(Thupstenling Gompa Construction Committee) བཅས་ནས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ཐུབ་བསྟན་གླིང་དགོན་པའི་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་འདུག

དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདི་ག་ལ་དྭགས་ཀྱི་ཆོས་གྲོགས་དགེ་སློང་འདུལ་བ་འཛིན་པ་རྣམ་པ་ཚོ་དང་། དེ་བཞིན་ཁ་ཆེའི་ཆོས་གྲོགས་སོགས་ལྷན་རྒྱས་ལ་ཞུ་རྒྱུར། ཁྱོད་རང་ཚོ་ཚང་མས་མཁྱེན་གསལ་རེད། རྒྱ་གར་གཏིང་དང་རྡ་རམ་ས་ལ་སོགས་སུ་ཆར་བ་ཧ་ཅང་ཤུགས་ཆེན་པོ་འབབ་ཀྱི་ཡོད་པས་ངོས་ཀྱིས་དེ་གཡོལ་བ་ལྟ་བུར་ལ་དྭགས་སུ་ཡོང་བ་ཡིན། གཅིག་གོ་གཉིས་ཆོད་རེད། ལ་དྭགས་མི་མང་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཁ་སྔོན་ཟངས་དཀར་དུའང་མི་མང་གིས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག གང་ལྟར་ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཉིན་རེ་བཞིན་ཉམས་སུ་ལེན་མཁན་ཞིག་གིས་གཞན་དོན་སྒྲུབ་རྒྱུ་ནི་ལས་འགན་རེད།

དེ་རིང་འདིར་ལ་དྭགས་གླེ་ལ་འབྱོར་བ་རེད། མི་མང་ཚོས་དེ་དེ་བཞིན་དད་པ་རྩེ་གཅིག་གནང་གི་ཡོད་པ་རེད། ངོས་རང་ཤཱཀྱའི་དགེ་སློང་ཉིན་རེ་བཞིན་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་མཁན་ཞིག་གིས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པ་ལྟར། གཞན་དོན་སྒྲུབ་རྒྱུ་ནི་ངོས་ཀྱི་མི་ཚེའི་སྙིང་པོ་རེད། གཞན་དོན་སྒྲུབ་སྟངས་ནི་དཔལ་འབྱོར་ལོངས་སྤྱོད་ཀྱི་ཐོག་ནས་མི་ལ་རོགས་བྱེད་པ་ལྟ་བུ་དང་། སྐྱོབ་གསོ་སྤྲོད་པ་ལྟ་བུ་སོགས་ཡག་པོ་ཡོད་ཀྱང་། གཙོ་བོ་ཆོས་ཀྱི་བསླབ་བྱ་བརྒྱབ་སྟེ་སེམས་ལ་དོན་དངོས་ཀྱི་ཞི་བདེ་ཡོང་བ་ཞིག་དང་། ཉིན་རེ་བཞིན་དུ་སེམས་ཅན་སུ་འདྲ་ཞིག་ལ་ཐུག་པ་ཡིན་ནའང་སེམས་པ་རྣམ་དག་གིས་གཞན་ཕན་གྱི་སྨོན་ལམ་རྒྱག་གི་ཡོད།

ངོས་ཀྱིས་བསླབ་བྱ་བྱེད་རྒྱུ་གཙོ་བོ་ནི་སེམས་བཟང་པོ་བྱེད་དགོས་པ་རེད་ཅེས་པ་འདི་ཡིན། ང་ཚོའི་ཆོས་ལུགས་ཚང་མའི་ནང་དུ་སེམས་པ་བཟང་པོ་བྱེད་རྒྱུ་གསུངས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ཡིན་ནའང་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ཡིན་ནའང་རེད། གང་ལྟར་ཚང་མས་གཞན་ཕན་གྱི་བློའམ་གཞན་ལ་ཕན་འདོགས་རྒྱུ་དང་། གནོད་པ་མི་བྱེད་པ་གསུང་གི་ཡོད། དེར་བརྟེན། ངོས་རང་ས་ཆ་གང་དུ་སླེབས་ནའང་སེམས་པ་བཟང་པོ་བྱེད་དགོས་པ་རེད་ཅེས་བཤད་བཞིན་ཡོད། དེ་རིང་ཁྱོད་ཚོ་མི་མང་པོ་ཞིག་གཙུག་ལག་ཁང་འདིའི་ནང་དུ་འཛོམས་འདུག ཁྱོད་རང་ཚོས་འདོན་པ་གདོན་རྒྱུ་དང་། སྔགས་བགྲང་རྒྱུ། ལྷ་སྒོམ་རྒྱུ་ལྟ་བུ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། དེ་ཐམས་ཅད་སེམས་བསྐྱེད་བཟང་པོས་ཟིན་པ་ཞིག་དགོས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རྩོད་པ་ཚུན་ཆད་གསལ་ཡག་པོ་ཞིག་བཏབ་པའི་ཐོག་ནས་ལྷ་སྒོམ་པ་དང་སྔགས་བགྲང་རྒྱུ་བཅས་གལ་ཆེན་པོ་རེད། བྱང་ཆུབ་སེམས་ལ་བསམ་བློ་གཏོང་བ་དང་། སེམས་པ་བཟང་པོ་བྱེད་པའི་ཉམས་ལེན་མེད་པར་ལྷ་སྒོམ་པ་གཅིག་པུས་དེ་ཙམ་ཚོགས་བསག་རྒྱུ་དང་། སྒྲིབ་པ་སྦྱང་རྒྱུ་ཁག་པོ་རེད། གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་དགོས། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པ་ལྟར་རང་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་རེད།

གསོན་པའི་རིང་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། འཆི་ཁར་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་དགོས། ཚེ་རབས་ནས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ན་དལ་རྟེན་མི་ལུས་བཟང་པོ་ཐོབ་ཐུབ་པ་ཞིག་དང་། དེ་དང་འབྲེལ་ནས་རང་ཉིད་གང་དུ་ཡོད་པའི་ས་ཆའི་མི་མང་ཚོར་སེམས་པ་བཟང་པོའི་ཐོག་ནས་ཕན་ཐོགས་བྱེད་པ་ཞིག་ཡོང་རྒྱུ་ནི་རྒྱུ་མཐུན་གྱི་འབྲས་བུ་རེད། དེར་བརྟེན། ད་རེས་འཛམ་བུ་གླིང་བའི་མི་ལུས་ཤིག་ཐོབ། སངས་རྒྱས་ཀྱི་བསྟན་པ་ཡིན་ནའང་འདྲ། ཁ་ཆེ་ཡིན་ནའང་འདྲ། གང་ལྟར་ང་ཚོ་ཚང་མས་སེམས་པ་བཟང་པོ་བྱེད་པའི་གོ་སྐབས་ཤིག་འཆར་ཡོད། ང་ཚོ་ནང་པའི་ངོས་ནས་བཤད་ན་བོད་གངས་ཅན་གྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། བོད་ལ་མཚོན་ན་བྱིས་པ་ཆུང་ངུའི་སྐབས་ནས་མ་ཎི་བགྲང་བ་དང་། འབུ་གསོད་མི་རུང་བར་བཤད་པའི་མིག་ལྟོས་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་གངས་ཅན་ལྗོངས་ཀྱི་དེ་ལྟ་བུའི་གོམས་གཤིས་བཟང་པོའི་མིག་ལྟོས་ཤིག་ནུབ་ལ་དྭགས་ནས་ཤར་མོན་བར་དུ་ཡོད་པ་རེད། དེ་ལྟ་བུའི་མིག་ལྟོས་ཤིག་རང་བཞིན་གྱིས་ཡོད་པའི་ཐོག་ཆོས་ཀྱི་བསླབ་བྱ་རྒྱབ་ནས་སེམས་པ་བཟང་པོ་བྱེད་དགོས། ཞེས་དང་།

གཞན་ཡང་། ཏཱ་ལའི་བླ་མ་ཟེར་བ་ནི་བོད་གངས་ཅན་གྱི་ལྗོངས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ངོས་རང་ཆུང་ཆུང་སྐབས་སུ་ལྷ་སར་ཡོད་པའི་ཁ་ཆེའི་གྲོགས་པོ་ཚོ་གཞུང་གི་མཛད་སྒོ་ཚང་མར་ཡོང་གི་རེད། བྷ་ཡེ་ལ་ཟེར་ནས་ང་ཚོ་ཆུང་ཆུང་སྐབས་ནས་སེམས་ཐག་ཉེ་བོ་རེད། ལྷ་སར་ཡོད་པའི་ཁ་ཆེའི་གྲོགས་པོ་ཚོ་ཞི་ཞིང་དུལ་བ་དང་། འཁྲུག་པ་རྒྱབ་པའི་སྐོར་གོ་ཐོས་མེད། ཁ་སང་ངོས་རང་ལྷ་སའི་ཁ་ཆེ་ཁ་ཤས་ལ་ཐུག་པ་ཡིན། དེའི་ནང་དུ་ལྷ་སའི་སྐད་གཙང་མ་རྒྱག་མཁན་གྱི་ཨ་མ་ལགས་ཤིག་འདུག གང་ལྟར་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་པ་ཞིག་ཆགས་ཡོད།

ངོས་ཀྱི་ལས་འགན་དེ་བོད་གངས་ཅན་ལྗོངས་ཀྱི་ཆབ་སྲིད་ཀྱི་རང་དབང་རེད་དེ། དེའི་འགྲོ་སྟངས་ལ་ངོས་ཀྱིས་དབུ་མའི་ལམ་ཞེས་པ་ཁ་བྲལ་མིན་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ཁོངས་སུ་བསྡད། ཡིན་ནའང་། བོད་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་ཀྱི་ཡོད་ཅེས་དབུ་མའི་ལམ་ཟེར་བ་དེ་རེད། མཐའ་གཅིག་ཏུ་རང་བཙན་རྩོད་མི་དགོས་པ་དང་། ད་ལྟ་ནང་བཞིན་རྒྱ་མི་གུང་ཁྲན་གྱི་སྲིད་བྱུས་གདུག་རྩུབ་ཆེན་པོ་ཡོད་པ་དེ་ཡང་མི་དགོས་པར་དངོས་གནས་རང་སྐྱོང་ཚད་ལྡན་ཞིག་དང་། གལ་ཆེན་ཤོས་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་ང་ཚོ་བོད་མི་རྣམས་དགའ་ཞེན་ཆེན་པོ་ཡོད་པ་རེད་ལ། བདག་པོ་ཡག་པོ་རྒྱག་ཐུབ་པ་ཞིག་ལ་ངོས་ཀྱིས་དབུ་མའི་ལམ་ཟེར་བའི་འགྲོ་སྟངས་དེ་ལྟར་རེད། ད་ལྟའི་བར་དུ་ངོས་ཀྱིས་གལ་ཆེ་ཤོས་ལ་ག་རེ་བལྟ་བཞིན་ཡོད་པ་རེད་ཟེར་ན། བོད་ཀྱི་སྐད་ཡིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་ཁྲུང་ས་སྐྱོན་ནས་ལྷ་སའི་ཇོ་བོ་རྒྱ་ནག་ནས་ཡར་གདན་འདྲེན་ཞུས་པ་རེད། རྒྱ་བཟའ་དང་བཟའ་ཚང་བྱས་པ་རེད། ཡིན་ནའང་། ང་ཚོ་བོད་པ་བོད་པ་བྱས་ཏེ་རྒྱ་ཡིག་བསླབ་པས་འགྲིག་གི་མི་འདུག ང་ཚོ་བོད་པ་ལ་བོད་ཡིག་ཅིག་དགོས་ཀྱི་རེད་ཅེས་རྒྱ་གར་གྱི་དེ་བ་ན་ག་རི་ཟེར་བར་དཔེ་བལྟས་ཏེ་བོད་ཡིག་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་བཟོས་པ་རེད། རྩེད་མོ་ཞུས་པ་ཡིན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཨ་ཅག་གི་རྐུབ་ལ་རྒྱུགས་འགྲོ་མཁན་ཞིག་རེད་མི་འདུག ཅེས་སོགས་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མི་སམ་བྷོ་ཊས་དབྱངས་དང་གསལ་བྱེད་ཅན་གྱི་བོད་ཡིག་གསར་གཏོད་མཛད་ཅིང་། ཁྲི་སྲོང་ལྡེ་བཙན་སྐབས་སུ་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་དང་། བཀའ་བསྟན་བོད་བསྒྱུར་གནང་བ་སོགས་བཀའ་སློབ་སྩལ་ཡོད་འདུག

མཐའ་མར། ཧི་མ་ལ་ཡའི་རི་རྒྱུད་དུ་གཙང་པོ་དང་རྒྱུགས་ཆུ་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་ཁོར་ཡུག་སྲུང་སྐྱོབ་དང་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཀའ་སློབ་སྩལ་བ་དང་། ལ་དྭགས་པ་རྣམས་ཆོས་ལུགས་ཁ་ཆེ་སོགས་གང་ཡིན་ཡང་བོད་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་དགོས་པའི་ལམ་སྟོན་གནང་བ་དང་། བོད་ནང་ལ་ཆ་བཞག་ན་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་དངོས་གནས་དྲང་གནས་རི་བཙུགས་པ་བཞིན་འགྱུར་བ་མེད་པ་རེད་འདུག ང་ཚོར་དཔལ་ན་ལེནྡྲའི་ནས་རྒྱུད་པའི་རིག་གཞུང་དང་སངས་རྒྱས་ཀྱི་ཆོས་ཧ་ཅང་སྤུས་དག་པོ་ཞིག་ཡོད་པར། རྒྱ་མིའི་མཁས་པ་མང་པོས་དོ་སྣང་གསར་པ་བྱེད་བཞིན་འདུག རིམ་པས་རྒྱ་ནག་ནང་ལའང་བོད་ཀྱི་ཆོས་ཁྱབ་འཕེལ་ཡོང་བཟོ་འདུག དུས་ཀྱི་འགྱུར་བ་འདི་ལྟར་འགྲོ་བས་ནམ་ཞིག་ལ་དྭགས་ཀྱི་བོད་ཀྱི་གྲོགས་པོ་ཚོ་ལྷ་ས་ལ་འཛོམས་པའི་གོ་སྐབས་ཡོང་སྲིད་པས། ཚང་མ་བློ་བདེ་པོ་དང་སེམས་བཟང་པོ་བྱས་ཏེ་བཞུགས། ཞེས་གསུངས་འདུག

ཡོངས་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།