19
Fri, Apr

ཕྱི་ལོ་༢༠༢༢ ཟླ༧ ཚེས་༡༧ཉིན། ཧྥ་རན་སིའི་རྒྱལ་ས་པེ་རི་སིར་བོད་མི་སྟོང་ཕྲག་འགའ་ཡིས་འདས་པོ་ཚུལ་ཁྲིམས་ལགས་ཀྱི་ཆེད་མྱ་ངན་གྱི་གོམ་བགྲོད་ལས་འགུལ་སྤེལ་བཞིན་པ། པར། བརྒྱུད་ལམ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ༧ ཚེས་༡༧ཉིན། ཉེ་ཆར་རྒྱ་མི་འགའ་ཡིས་མཉམ་རུབ་བྱས་ནས་བོད་མི་ཚུལ་ཁྲིམས་ལགས་བསད་ཡོད་པར་བརྟེན། བོད་རིགས་ཚོགས་པའི་གོ་སྒྲིག་འོག ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་མི་ཁྲི་གཅིག་ཙམ་གྱིས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཛོམས་ནས་འདས་པོ་ཁོ་ལ་མྱ་ངན་དང་ནང་མི་ལ་གདུང་སེམས་མཉམ་སྐྱེད། ཁྲིམས་མཐུན་དང་དྲང་བདེན་དགོས་ཞེས་ལས་འགུལ་སྤེལ་བཞིན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༡ ཉིན། ཧྥ་རན་སིའི་བྱང་ཕྱོགས་ནོར་མན་ཌི་(Normandie) མངའ་ཁུལ་སཱིན་ལོ་ནར་ཌི་(saint-léonard) ས་གནས་སུ། རྒྱ་མིའི་ཟ་ཁང་ཞིག་གི་ལས་མི་བོད་རིགས་ཡིན་པའི་ཚུལ་ཁྲིམས་ལགས་ལ་ཟ་ཁང་དེའི་སྦྱིན་བདག་གཙོས་པའི་རྒྱ་མི་ཁག་ཅིག་གིས་མཉམ་རུབ་བྱས་ནས་གྲི་བརྒྱབ་སྟེ་བསད་ཡོད་པར་བརྟེན། ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག ས་གནས་ཚོགས་པ་ཁག་གཞན་ལྔ་དང་། ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་མི་སྟོང་ཕྲག་འགའ་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཛོམས་ནས་ཁོ་ལ་མྱ་ངན་དང་། ནང་མིར་གདུང་སེམས་མཉམ་སྐྱེད། ངག་བཅད་མྱ་ངན་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག

མྱ་ངན་གོམ་བགྲོད་ཀྱི་ལས་འགུལ་སྐབས། སྦིར་སལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ས་གནས་དོན་གཅོད་འབྲེལ་མཐུད་པ་རྣམ་རྒྱལ་བསམ་འགྲུབ་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་དང་རྒྱུན་ལས་རྣམ་པ། ས་གནས་དབུས་གཙང་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ས་གནས་མདོ་སྨད་ཚོགས་གཙོ་དང་རྒྱུན་ལས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་རྒྱུན་ལས། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུའི་ཚོགས་གཙོ་དང་རྒྱུན་ལས། བྷེལ་ཇམ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བཅས་ཕེབས་ཡོད་པ་དང་། ད་དུང་བྷེལ་ཇམ་(Belgium)དང་ནེ་རྡར་ལན་ཌི (netherland)། འཇར་མན་ཎི(Germany)། སི་པན(Spain))། ཨེ་ཀྲ་ལི(Italy)། ཨོ་སི་ཀྲི་རི་ཡ(Austria)། པོ་ལེན(Poland)། ཧྥ་རན་སི་བཅས་ནས་བོད་རིགས་དང་ཡུལ་མི་སོགས་ཁྱོན་མི་གྲངས་ཁྲི་གཅིག་ཙམ་མཉམ་འཛོམས་གནང་ནས་ཞི་བའི་ངག་བཅད་མྱ་ངན་གོམ་བགྲོད་གྱི་ལས་འགུལ་རྒྱ་ཆེན་སྤེལ་ཡོད་འདུག

ལས་འགུལ་སྤེལ་སྐབས། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་བརྗོད་དོན། བོད་ནང་དུ་རང་དབང་མེད་པ་མ་ཟད་རྒྱ་གཞུང་གིས་གང་འདོད་ལྟར་བྱེད་ཀྱི་ཡོད་རེད། འོན་ཀྱང་། གནས་ཚུལ་དེ་འདྲ་རང་དབང་ལུང་པ་ཧྥ་རན་སིར་བྱུང་བར་བརྟེན། ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རྣམ་འགྱུར་ཤུགས་ཆེན་པོ་ཞིག་བསྟན་སོང་། དེ་བཞིན་ཧྥ་རན་སི་གཙོས་པའི་རྒྱལ་ཁབ་དང་ས་གནས་གཞན་ནས་ཡིག་ངག་གཉིས་ཐོག་ནས་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་འགྱུར་བསྟན་སོང་། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

དེ་ནས་སྦིར་སལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ནས་བརྗོད་དོན། གནས་ཚུལ་འདི་འདྲ་བྱུང་བར་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གིས་ཐུགས་འཚུབ་ཆེན་པོ་གནང་གི་འདུག དེ་རིང་འདིར་འདས་པོའི་ནང་མིར་ཐུགས་གསོའི་ཆེད་སླེབས་བ་ཡིན། ང་ཚོ་འདིར་འཛོམས་ནས་ཁྲིམས་ཐག་ཡག་པོ་ཞིག་གཅོད་རྒྱུ་ནི་དམིགས་ཡུལ་གཙོ་བོ་རེད། དེ་བཞིན་ང་ཚོ་སྦིར་སལ་སྐུ་ཚབ་དོན་གཅོད་ངོས་ནས་ཧྥ་རིན་སིའི་གཞུང་དང་ས་གནས་གཞུང་ལ་ཁྲིམས་ཐག་ཡག་པོ་གཅོད་རོགས་ཞེས་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།

དེའི་རྗེས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་བརྗོད་དོན། གནས་ཚུལ་ཐབས་སྡུག་འདི་འདྲ་རང་དབང་ལུང་པ་ཧྥ་རིན་སིར་བྱུང་དུས། བོད་ནང་དུ་རྒྱ་མི་ཡིས་བོད་མི་ཚོར་རྡོལ་རོལ་དང་གཉའ་གནོན་ག་ཚོད་བཏང་དང་གཏོང་གི་ཡོད་མེད་མཚོན་ཐུབ་ཀྱི་ཡོད་རེད། དེ་རིང་འདིར་ང་ཚོ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོག་ནས་ཧྥ་རིན་སིའི་གཞུང་ལ་དྲང་བདེན་ཐོག་ནས་ཁྲིམས་ཐག་གཅོད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་གཙོ་བོ་དེ་རེད་ཅེས་བརྗོད་སོང་།

མཐའ་མར། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ནས་གོམ་བགྲོད་དེ་ཞི་བ་དང་ཁྲིམས་མཐུན་ཐོག་ནས་འགྲོ་དགོས་པ་གལ་ཆེན་ཡིན་སྐོར་སོགས་བརྗོད་རྗེས་ཞི་བའི་མྱ་ངན་གོམ་བགྲོད་འགོ་བརྩམས་སོང་།

གཞན་ཡང་། ཟླ་འདིའི་ཚེས་༡༨་ཉིན། གོང་གི་བོད་མི་འདི་དག་གིས་ཧྥ་རན་སིའི་བྱང་ཕྱོགས་ནོར་མན་ཌི་མངའ་ཁུལ་སཱིན་ལོ་ནར་ཌི་ས་གནས་སུ་ཡོད་པའི་རྒྱ་མིའི་ཟ་ཁང་དེའི་མདུན་དུ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག

དོན་རྐྱེན་འདི་བྱུང་རྗེས། རྒྱ་མིའི་ཟ་ཁང་ནང་དུ་ལས་ཀ་བྱེད་བཞིན་པའི་བོད་མི་རྣམས་ནས་ངོ་རྒོལ་གྱི་ཚུལ་དུ་རྒྱ་མི་ཟ་ཁང་ནང་ནས་ལས་མཚམས་བཞག་ཡོད་འདུག རྒྱ་མིའི་ཟ་ཁང་ཁ་ཤས་ཀྱི་ནང་དུ་བོད་མི་ལས་ཀ་བྱེད་མཁན་མང་པོ་ཡོད་པར་བརྟེན། རྒྱ་མི་ཟ་ཁང་ཁག་ཅིག་ལས་མི་མེད་པའི་དབང་གིས་ཟ་ཁང་སྒོ་རྒྱག་དགོས་བྱུང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།