24
Wed, Apr

༧གོང་ས་མཆོག་གིས་ནང་པའི་སློབ་གཉེར་ཁང་གསར་འཛུགས་དང་འབྲེལ་བའི་ཐོག་ལམ་སྟོན་དང་ཕྱག་ལས་གནང་མཁན་རྣམས་ལ་མཇལ་ཁ་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༧ཚེས༤ཉིན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ནང་པའི་སློབ་གཉེར་ཁང་གསར་འཛུགས་གནང་རྒྱུ་ཡིན་སྐོར་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཡོད་པ་དང་། ༧གོང་ས་མཆོག་གིས་ནང་པའི་སློབ་གཉེར་ཁང་གསར་འཛུགས་དང་འབྲེལ་བའི་ཐོག་ལམ་སྟོན་དང་ཕྱག་ལས་གནང་མཁན་རྣམས་ལ་མཇལ་ཁ་གནང་ནས་བཀའ་སློབ་སྩལ་འདུག

དེ་ཡང་། གོང་ཚེས་ཉིན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དབུ་བཞུགས་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག། གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ། ནང་པའི་སློབ་གཉེར་ཁང་གི་སློབ་སྟོན་པ་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་ཆེད་མཁས་པ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག ༧གོང་ས་མཆོག་གིས་ནང་པའི་སློབ་གཉེར་ཁང་གསར་འཛུགས་དང་འབྲེལ་བའི་ཐོག་ལམ་སྟོན་དང་ཕྱག་ལས་གནང་མཁན་རྣམས་ལ་མཇལ་ཁ་གནང་ནས་བཀའ་སློབ་སྩལ་འདུག ཟླ་འདིའི་ཕྱི་ཚེས་༧ ཉིན། རྡ་སར་ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་མཛད་སྒོ་འཚོག་རྒྱུ་ཡིན་འདུག

ཞོགས་པ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ནང་པའི་སློབ་གཉེར་ཁང་ཞིག་གསར་འཛུགས་གནང་རྒྱུ་ཡིན་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་། སྐབས་དེར། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་སྒོ་མང་མཁན་ཟུར་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་སློབ་གཉེར་ཁང་གི་སྐོར་ངོ་སྤྲོད་གནང་དོན། ནང་པའི་སློབ་གཉེར་ཁང་འདི་ཉིད་ནི། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དབུ་བཞུགས་བསྟན་བདག་རྣམ་པ་དང་། གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་བཅས་དང་ལྷན་དུ་བགྲོ་གླེང་ཚོགས་འདུ་སྔ་རྗེས་འཚོགས་པ་དང་། གདན་ས་གྲྭ་ཚང་སོ་སོའི་ནང་དུ་ཕྱིའི་མཁས་དབང་ཁག་གདན་ཞུས་ཀྱིས་ད་ཡོད་དགོན་པའི་ཤེས་ཡོན་ལམ་ལུགས་ཐོག་ཉམས་ཞིབ་རིམ་པར་བྱས་ཏེ། ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་འདི་ཉིད་གཏན་འབེབས་དང་འབྲེལ། ཕྱི་ལོ་༢༠༢༢ ཟླ་བ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་ཉིན། ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་ལོར་སྲུང་བརྩི་ཞུ་རྒྱུ་ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། ནང་པའི་སློབ་གཉེར་ཁང་འདི་ནི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་དགོན་སྡེ་རྣམས་དང་། རང་དབང་གི་སློབ་ཁྲིད་ལས་རིམ་སྐྱོང་བཞིན་པའི་སྡེ་ཚན་རྣམས་ལ་ངོས་སྦྱོར་ལག་འཁྱེར་གནང་མཁན་སྤྱི་ཁྱབ་ལྟེ་གནས་ཤིག་ཏུ་འགྱུར་རྒྱུ་དང་། དེའི་ཁོངས་སུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་དགོན་སྡེ་གྲགས་ཅན་བཅུ་གཅིག་ཡོད་ཅིང་། དགོན་སྡེ་གཞན་དང་། བཙུན་དགོན་ཁག་ནང་པའི་སློབ་གཉེར་ཁང་འདིའི་ཁོངས་སུ་མཉམ་ཞུགས་ཆོག་པར་མ་ཟད། མི་སྐྱ་དང་། ནང་པ་མིན་པའང་སློབ་ཞུགས་ཆོག་པས་སྒོ་ཡངས་པོར་ཕྱེས་ཡོད། ཅེས་གསུངས་སོང་།

མཁན་ཟུར་མཆོག་གིས་སློབ་གཉེར་ཁང་གི་དམིགས་ཡུལ་སྐོར་ནས་གསུང་དོན། ༡༽ ལོ་ངོ་བརྒྱ་ཕྱག་མང་པོའི་སྔོན་ནས་རྒྱ་གར་འཕགས་ཡུལ་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་དུ། ནང་བསྟན་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དར་ཁྱབ་བྱུང་བ་དེ་ཉིད་རིམ་གྱིས་བོད་གངས་ཅན་གྱི་ལྗོངས་སུ་དར་རྒྱས་ཤུགས་ཆེ་བྱུང་སྟེ། བོད་གངས་ཅན་པས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བདག་ཉར་བྱས་པའི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དེ་དག་ལ་ནང་སེམས་ཀྱི་གདུང་བ་སེལ་བ་དང་ཞི་བདེ་སྒྲུབ་པར་ཕན་ནུས་ཐོན་པའི་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད་སྟབས། ཆ་རྐྱེན་དེས་མི་སྒེར་དང་། སྤྱི་ཚོགས། འཛམ་གླིང་བཅས་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུ།

༢༽ ད་ཡོད་དགོན་སྡེ་ཁག་གི་སློབ་གཉེར་གྱི་ལམ་སྲོལ་དང་སློབ་ཁྲིད། རྩོད་པ། ཡིག་རྒྱུགས་སྤྲོད་ལེན་སོགས་ཉམས་མེད་རྒྱུན་སྐྱོང་གིས་གནའ་བོའི་ཤེས་རིག་དེ་ཡངས་པའི་འཇིག་རྟེན་ཆེན་པོར་སྐྱེས་སུ་འབུལ་རྒྱུའི་ཐོག །སྔར་སྲོལ་དགོན་པའི་ཤེས་ཡོན་གྱི་ཁོངས་སུ་མེད་པའི་སློབ་ཚན་ལེགས་སྦྱར། པཱ་ལི། ཧིན་དྷི། དབྱིན་ཇི། ཆོས་ལུགས་ཕན་ཚུན་མཚུངས་བསྡུར་གྱི་སློབ་ཚན། ཚན་རིག །ནུབ་ཕྱོགས་ཀྱི་ལྟ་གྲུབ། འཛམ་གླིང་གི་རྒྱལ་རབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཨང་རྩིས་སོགས་སློབ་སྦྱོང་གི་གོ་སྐབས་སྐྱ་སེར་ཀུན་ལ་ཆ་མཉམ་ཕུལ་ནས་ཤེས་ཡོན་རྒྱ་བསྐྱེད་བྱ་རྒྱུ།

༣༽ སློབ་ཁང་འདི་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་དང་བཙུན་དགོན་ཚང་མར་སྤྱི་མཚུངས་ལག་འཁྱེར་སྤྲོད་རྒྱུ་དང་། ཕྱིའི་སྐྱ་སེར་ཕོ་མོ་ཀུན་ལ་གནའ་བོའི་རྒྱ་གར་གྱི་ཕུལ་བྱུང་རྣམ་དཔྱོད་དང་ཤེས་ཡོན་སྦྱོང་བརྡར་ཁྱད་འཕགས་སློབ་སྦྱོང་གི་གོ་སྐབས་འབུལ་རྒྱུ།

༤༽ ནང་པའི་སློབ་གཉེར་ཁང་འདི་ཉིད་རིམ་གྱིས་(གཙུག་ལག་སློབ་གཉེར་ཁང་སྟངས་འཛིན་ལྷན་ཚོགས་ཀྱི་བཅའ་ཁྲིམས་དོན་ཚན་༡༩༥༦ གི་ཁོངས་སུ་) ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ཚད་འཛིན་ཐོབ་ཐུབ་པའི་དམིགས་ཡུལ་ཡང་བཅངས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།