25
Thu, Apr

ཕྱི་ལོ་༢༠༢༢ ཟླ་༥ ཚེས་༢༧ ཉིན། ༧གོང་ས་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣་གྱི་བདག་ཉིད་ཅན་དབུ་འབྱེད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༥ ཚེས་༢༧ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་སྐྱོང་དང་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཤེས་ཡོན་སྡེ་ཚན་ཁག་མཉམ་འབྲེལ་གྱིས་རྩོམ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ གྱི་བདག་ཉིད་ཅན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨་ཡས་མས་ལ། ༧གོང་ས་མཆོག་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གནང་རྗེས། ཚིག་མཛོད་དབུ་འབྱེད་ཀྱི་མཛད་སྒོ་དངོས་སུ་འགོ་འཛུགས་གནང་སོང་། མཛད་སྒོའི་ཐོག དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་། དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གསུམ་དང་ཞེ་གཉིས་མཆོག ༧རྒྱལ་བའི་ཡོངས་འཛིན་མཆོག་སྤྲུལ་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག ༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་༣༤་པ་མཆོག ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པའི་བླ་ཆེན་དང་དགེ་བཤེས་དགེ་འདུན་པ་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བཀའ་བློན་རྣམ་པ། མཁས་པ་དང་ཤེས་ཡོན་པ། སློབ་སྤྱི་སོགས་ཕེབས་གནང་འདུག

ཐོག་མར། ༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། བོད་གངས་ཅན་པའི་ཆོས་དང་རིག་གཞུང་ཧ་ཅང་ཕྱུག་པོ་རེད། དེ་སྔ་ང་ཚོ་བོད་ལ་ཡོད་དུས་དམིགས་བསལ་དོ་སྣང་ཡོད་པ་མ་རེད། བཙན་བྱོལ་ལ་སླེབས་ནས་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་རྣམས་རྒྱ་ཆེན་པོ་དང་གཏིང་ཟབ་མོ་རེད་ཤེས་པ་རེད། དཀོན་མཆོག་ལ་སྨོན་ལམ་འདེབས་པ་གཅིག་པུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་ཞི་བདེ་ཇི་ལྟར་བཟོ་དགོས་པ་དང་། ཞི་བདེ་དེ་ཁོང་ཁྲོ་དང་ཕྲག་དོག་གིས་དཀྲུགས་མི་ཐུབ་པར་རྒྱུན་འཇགས་སྡོད་ཐུབ་པའི་སྐོར་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རིག་གཞུང་གི་གཙོ་བོ་རེད་ཅེས་སོགས་གསུངས་སོང་།

དེའི་རྗེས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་ཞུ་དོན། སྨོན་ལམ་ཚིག་མཛོད་ཆེན་མོ་ནི། ཕྱི་ལོ་༢༠༡༢་ཟླ་༤་ཚེས་༢༠་ལ་དབུ་འཛུགས་དང་། ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༣༡་བར་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་འགན་བླངས་ཤིང་། བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་ཤེས་ཡོན་སྡེ་ཁག་གང་མང་ཞིག་དང་མཉམ་འབྲེལ་བྱས་ནས་རྩོམ་སྒྲིག་སྡེ་ཚན་༣༥་ཡི་རྩོམ་སྒྲིག་པ་༢༠༠་ལྷག་མཉམ་ཞུགས་ཀྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་ནས་ཁོང་གིས་མུ་མཐུད་ནས་བརྗོད་དོན། སྨོན་ལམ་ཚིག་མཛོད་ཆེན་མོ་ནི། དྲ་ལམ་ཚིག་མཛོད་དང་། windows, Mac OS X, iOS, Android མ་ལག་ཁག་སོ་སོར་བཀོལ་ཆོག་ཆོག་པའི་མཉེས་ཆས་བཟོས་ཡོད། ཚིག་མཛོད་གཅིག་ལ་པོད་༡༤༨་དང་ཟུར་བཀོད་པོད་༧༥་བཅས་པོད་༢༢༣་གྱི་བདག་ཉིད་ཅན་ཞིག་ཡིན། འདི་ལ་ཤོག་ངོས་༡,༣༣༨༧༠་ལྷག་ཡོད་པ་དང་ཡང་ན་ཚེག་བར་༦༤,༦༦༣,༡༢༡་ལྷག་ཡོད་པས་འཛམ་གླིང་འདིར་དེབ་ཕྲེང་མང་ཤོས་ཀྱི་ཚིག་མཛོད་དུ་གྱུར་ཡོད། ད་བར་སྨོན་ལམ་ཚིག་མཛོད་ཆེན་མོ་བཀོལ་སྤྱོད་བྱེད་iOS་གཅིག་པུའི་ནང་ས་ཡ་བདུན་ལྷག་ཡོད། སྨོན་ལམ་ཚིག་མཛོད་ཆེན་མོའི་རྒྱལ་སྤྱིའི་སློབ་སྟོན་ལྷན་ཚོགས་བཙུགས་ཤིང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་གཉིས་ལ་ཚིག་མཛོད་དང་འབྲེལ་བའི་དཔྱད་གླེང་དང་གོ་བསྡུར་ལན་མང་ཞུས་ཤིང་། བོད་ཕྱི་ནང་གི་ཆེད་མཁས་པ་མང་པོར་དྲི་གཏུགས་དང་། ཚིག་མཛོད་རིག་པ་ལ་མཁས་པའི་ཕྱི་ནང་གི་ཞིབ་འཇུག་པ་གང་མང་ལ་འབྲེལ་འདྲིས་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཚིག་མཛོད་རྩོམ་སྒྲིག་པ་རྣམས་ཀྱི་ལོ་མང་གི་ལས་ཀའི་ཉམས་མྱོང་བསྡུ་ལེན་བྱས་ཤིང་། དེང་རབས་ཚིག་མཛོད་རིག་པའི་གཞུང་ལུགས་གཞིར་བཟུང་ནས་བསྒྲིགས་པ་ཞིག་ཡིན།

ཚིག་མཛོད་འདིར་བསྡུས་པའི་བརྗོད་བྱ་ནི། ཕྱི་ལོ་༡༩༥༠་ཡན་གྱི་ཐ་སྙད་རྣམས་གཙོར་བཟུང་བྱས་ནས་བསྡུས་པ་ཞིག་ཡིན་པས། ཆོས་ལུགས། གསོ་རིག ཚད་མ་རིག་པ། བཟོ་རིག་པ། སྒྲ་རིག་པ། མངོན་བརྗོད། ཟློས་གར། རྩིས་རིག རྩོམ་རིག སྡེབ་སྦྱོར་བཅས་རིག་པའི་གནས་བཅུ་དང་། ལོ་རྒྱུས། གནའ་རབས་ས་དཔྱད་རིག་པ། དེང་རབས་ས་གཤིས་རིག་པ། བརྡ་རྙིང་། ཆབ་སྲིད། ཚན་རིག ལྟ་གྲུབ་སོགས་ཐ་སྙད་སུམ་འབུམ་བདུན་ཁྲི་ལྷག་ཚུད་ཡོད་ལ། གནའ་བོའི་རྒྱ་གར་རིག་གནས་ཀྱི་བརྒྱ་ཆ་དྲུག་ཅུ་ཡན་ཆད་ཟིན་ཡོད། འོན་ཀྱང་། ཡར་རྒྱས་ལ་མཐའ་མེད་སྟབས་ང་ཚོས་མ་མཐུད་ནས་དུ་བསྐྱར་སྣོན་དང་བཟོ་བཅོས་བྱ་རྒྱུའི་འདུན་པ་སྔར་ལྷག་བཅངས་ཡོད། མདོར་བསྡུས་ན། སྨོན་ལམ་ཚིག་མཛོད་ཆེན་མོ་ནི་དེང་རབས་ཚིག་མཛོད་རིག་པའི་གཞུང་ལུགས་ལྟར་བསྒྲིགས་པའི་བོད་ཀྱི་ཚིག་མཛོད་ཐོག་མ་དང་། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཡོངས་མཉམ་འབྲེལ་བྱས་ནས་བསྒྲིགས་པའི་ཚིག་མཛོད་ཅིག་ཡིན་པས་ཕྱོགས་དང་རིས་སུ་མ་ཆད་པ། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མང་པོའི་དགོངས་ཚུལ་བསྡུ་ལེན་དང་རྒྱུས་ཅན་ཚིག་མཛོད་རྩོམ་སྒྲིག་པ་མང་པོའི་ཉམས་མྱོང་གཞི་ལ་བཞག་པ་ཞིག་ཡིན་པས་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་ནས་སྒྲིག་པ་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

མཐའ་མར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འགན་འཛིན་འཇུ་བསྟན་སྐྱོང་ལགས་ནས་ཐུགས་རྗེ་ཆེའི་གཏམ་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།