24
Wed, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༥ ཚེས་༢༠ཉིན་གྱི་ཕྱི་དྲོ་ཚོུད་༤ ཐོག བཞུགས་སྒར་རྡ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ། གཉའ་ནང་བུར་སྲས་པ་རིན་ཆེན་དར་ལོ་ལགས་ཀྱིས་མཛད་པ་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་དཔར་སྐྲུན་གནང་བའི་<<གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ། དེབ་གཉིས་པ། ཡུལ་གྱར་གྱི་སྐྱོ་གནས་དང་། བལ་ཡུལ་ནང་གི་བོད་མི་དང་བོད་གླེང་བ་>>ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་སྒོ་ཤིག་ཚོགས་སོང་།

དེ་ཡང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཟུར་པ་སྐུ་ངོ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་དང་། རྡ་ས་ཉེ་འཁོར་གྱི་རྩོམ་པ་པོ་དང་ལོ་ཙཱ་བ། དེ་བཞིན་ཤེས་ཡོན་པ་བཅས་བོད་མི་ཁག་ཅིག་མཉམ་ཞུགས་གནང་འདུག

ཐོག་མར། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཙོ་སྐྱོང་དང་ངོ་སྤྲོད་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ངོ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང་། སྐུ་ངོ་བློ་བཟང་སྦྱིན་པ་རྣམ་གཉིས་ནས་<<གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ། དེབ་གཉིས་པ། ཡུལ་གྱར་གྱི་སྐྱོ་གནས་དང་། བལ་ཡུལ་ནང་གི་བོད་མི་དང་བོད་གླེང་བ་>>ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

དེ་ནས་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱིས་དཔེ་དེབ་དེའི་སྐོར་ངོ་སྤྲོད་གནང་དོན། བོད་མི་གཞན་དང་འདྲ་བ་རྩོམ་པ་པོ་ཁོང་རང་དང་ནང་མི་བོད་རྒྱ་ལག་ལ་ཤོར་ནས་དཀའ་སྡུག་ག་ཚོད་མྱོང་ཡོད་མེད་དེབ་འདིའི་ནང་གསལ་བསྡད་ཡོད་རེད། དེ་ནས་བོད་གཞུང་ལ་ཞབས་ཞུ་དང་བལ་ཡུལ་དུ་སྐུ་ཚབ་དོན་གཅོད་དུ་ཕྱག་ལས་གནང་སྐབས་དེ་གའི་བོད་མིའི་འཚོ་བ་དཀའ་སྡུག་དང་འབྲེལ་བའི་སྐོར་བལ་ཡུལ་གཞུང་ལ་འབྲེལ་བ་ཞུས་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས། སྐུ་ངོ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས་དཔེ་དེབ་དེ་དང་རྩོམ་པ་པོ་དང་འབྲེལ་བའི་ཐོག་གསུང་དོན། དཔེ་དེབ་འདིའི་ནང་དུ་ཁོ་རང་ཉིད་ས་གནས་ས་ཐོག་ལ་བཞུགས་སྐབས་མཐོང་ཐོས་མྱོང་གསུམ་ཐོག་ནས་བྲིས་པ་དང་། དེ་ནས་མཁས་དབང་མང་པོར་རེ་སྐུལ་ཞུས་ནས་ཞིབ་འཇུག་གནང་བཅུག་ཡོད་པ་དང་། མཐའ་མར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་ཞིབ་འཇུག་དང་དཔར་སྐྲུན་གནང་བ་རེད། དེ་ནས་རྩོམ་པ་པོ་དང་ཁོ་གཉིས་ཀྱི་འབྲེལ་བ་སོགས་ཀྱི་སྐོར་གསུངས་སོང་།

དཔེ་དེབ་དབུ་འབྱེད་སྐབས་རྩོམ་པ་པོ་ལགས་དངོས་སུ་ཕེབས་ཐུབ་མེད་ཀྱང་། བཟང་མོ་ལགས་ནས་ཁོང་གིས་བྲིས་གནང་བའི་འཕྲིན་ཡིག་ཅིག་སྒྲོག་སྦྱང་གནང་དོན། གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ་ཞེས་པའི་དེབ་གཉིས་པ་འདིའི་ནང་། རང་ཉིད་བཙན་བྱོལ་དུ་འབྱོར་རྗེས་ཁྱིམ་ཚང་གི་སྐྱོ་གནས་དང་། བལ་ཡུལ་ལྟ་བུ་ཤིན་ཏུ་འཁྲུག་ཆ་ཆེ་ཡང་གལ་གནད་ཆེ་བའི་ས་གནས་ཤིག་ཏུ་བཙན་བྱོལ་བོད་མིའི་བདེ་སྡུག་དང་འབྲེལ་བའི་གནས་ཚུལ་སྤྱི་དང་ལྷག་པར་བོད་མི་སྤྱི་བྱིངས་ཀྱི་ཚོང་ལས་འཚོ་ཐབས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་གནས་བདག་བལ་ཡུལ་གཞུང་མང་ལའང་ཕན་གྲོགས་ཐུབ་པ་སོགས་བརྗེད་དུ་མི་རུང་བའི་ལོ་རྒྱུས་གང་ཤེས་དང།

ཨ་རིའི་སྲིད་འཛིན་ནེཀ་སོན་དང་བལ་ཡུལ་རྒྱལ་པོ་བྷི་རེན་དྲ་ (Birendra) རྒྱ་ནག་ཏུ་ཕེབས་པའི་དོན་རྐྱེན་བལ་ཡུལ་གཞུང་ནས། གློའི་སྒྲིག་འཛུགས་ཀྱི་གོ་ལག་རྩིས་འབུལ་དགོས་པའི་བཀོད་ཁྱབ་ཐོག་དབུ་འཛིན་རྒྱ་རྡོ་དབང་འདུས་བཀྲོངས་པ། ཡབ་གཞིས་དྲུང་ཡིག་བཀའ་ཟུར་ལྷ་མོ་ཚེ་རིང་ལགས་གཙོས་གློའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་བདུན་བལ་གཞུང་གི་བཙོན་ཁང་ནང་ལོ་བདུན་བཞུགས་རྗེས། ༧གོང་ས་མཆོག་གིས་བཀའ་ཡིག་གནང་པ་ལ་བརྟེན་ནས་གློད་གྲོལ་བྱུང་བའི་སྐོར། དེ་བཞིན་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པའི་གནས་ཆེན་ལུམ་བི་ནིར་༧ཞབས་སོར་འཁོད་པ་དང། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་རྒྱལ་སར་༧ཞབས་སོར་འཁོད་པའི་སྐོར།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བཟུང་བལ་ཡུལ་གྱི་རྒྱལ་རབས་ནང་བོད་དང་འབྲེལ་བའི་གནས་ཚུལ་སྙིང་དོན། བོད་དུ་གྲུམ་གདན་འཐག་ལས་ཐོག་མར་དར་རིམ་དང་། བལ་ཡུལ་ནང་བོད་པས་རུམ་འཐག་བཟོ་གྲྭ་བཙུགས་ནས་ཡུལ་མི་ས་ཡ་གཉིས་ཙམ་གྱི་འཚོ་གོས་ལ་ཕན་པའི་གནས་ཚུལ་རགས་བསྡུས། བལ་ཡུལ་གྱི་རྟེན་བཞེངས་པ་དང་། དངུལ་བཟོ་བ་རྣམས་ལོ་ངོ་བརྒྱ་ཕྲག་མང་པོ་བོད་བརྒྱུད་ནང་ཆོས་ཁོ་ནར་བརྟེན་ནས་འཚོ་གནས་ཐུབ་པའི་སྐོར།

ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང། རིས་མེད་དགོན་པ་ཁག་ནས་སློབ་སྦྱོང་ཐོན་པ་ཨཅཱརྱ་ཡ་དང། དགེ་བཤེས། མཁན་པོ་སོགས་གཟེངས་སུ་ཐོན་པའི་རི་རྒྱུད་ཡུལ་མི་འགའ་ཞིག་གི་ལོ་རྒྱུས་དང། སྐུ་ན་ཕྲ་བའི་བླ་མའི་སློབ་གྲྭ་ཐུབ་བསྟན་ལེགས་བཤད་གླིང་། བལ་ཡུལ་དུ་གསར་དུ་བཞེངས་པའི་བོད་ཀྱི་གཙུག་ལག་ཁང་དང་དགོན་སྡེ་ཁག་གི་མཚན་ཐོ་བཅས་རང་ཉིད་ལ་རྒྱུས་མངའ་གང་ཡོད་ཐོག་འབྲེལ་ཆགས་ལོ་རྒྱུས་ལ་ཞིབ་འཇུག་གིས་མི་རབས་གསར་པའི་དཔྱད་གཞིའི་ཆེད་བྲིས་པའི་བརྒྱུད་རིམ་ནང་ལོ་རྒྱུས་བྱུང་རབས་མངོན་སུམ་གང་ཡིན་བཀོད་པ་ལས། ཉོན་མོངས་ཀྱི་ཤུགས་རྐྱེན་འོག་གཞན་སྨོད་སྒྲོ་བཏགས་དང་། རང་དགར་རྟོག་བཟོ་བྱས་རིགས་གཏན་ནས་མེད་ཀྱང་། ཤེས་ཚད་དམན་པའི་དབང་གིས་ཕོག་ཐུག་འགྲོ་གཞིའི་རིགས་བྱུང་ཡོད་ཚེ་བཟོད་གསོལ་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།