24
Tue, May

ཕྱི་ལོ་༢༠༢༢་ཟླ་༤་ཚེས་༡༨་ཉིན། རྡ་སར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་འགོ་འཛུགས་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༤་ཚེས་༡༨་ཉིན། བཞུགས་སྒར་རྡ་སར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་འགོ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་འདུའི་ཐོག ཚོགས་པ་འདིའི་མ་འོངས་པའི་ལས་དོན་ཐད་གོ་བསྡུར་དང་འཆར་གཞི་སྒྲིག་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩་པའི་ཐོག རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་ཤིག་ཚོགས་སོང་། མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཚོང་པ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་དང་རྩིས་པ། ཉིན་གསུམ་གྱི་རིང་གི་ཚོགས་འདུ་ལ་བཅར་མཁན་ཚོགས་མི་རྣམས། དེ་བཞིན་རྡ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་སོགས་ཕེབས་འདུག

ཐོག་མར། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ནས་ཚོགས་པའི་ངོ་སྤྲོད་གནང་དོན། ང་ཚོ་བོད་མི་ཚོ་བཙན་བྱོལ་ལ་སླེབས་ནས་རྒྱ་གར་ས་གནས་མི་འདྲ་བའི་ནང་ནས་ཚོང་ལས་གཉེར་བཞིན་ཡོད་རེད། བཀའ་ཤག་སྐབས་༡༢་པའི་དགོངས་པ་ཆེ་བཞེས་ཐོག་ནས་བོད་པའི་སྤྱི་ཚོགས་ནང་ཚོང་ལས་གོང་འཕེལ་དང་སྒྲིག་འཛུགས་གཅིག་ལ་ཡོང་ཆེད། མཐུན་སྒྲིལ་འབྲེལ་ལམ་ཡར་རྒྱས་གཏོང་ཆེད། ཚོང་འབྲེལ་གོ་རྟོགས་སྤེལ་ཆེད། དེ་བཞིན་གཅིག་ཕན་གཅིག་གྲོགས་ཡོང་ཆེད་སོགས་ཀྱི་དགོངས་པ་ཡོད་པའི་ཐོག་ནས། ཕྱི་ལོ་ ༢༠༠༦ ལོར་བཙན་བྱོལ་ཡོད་པའི་ཚོང་པའི་སྐུ་ཚབ་རྣམས་འཛོམས་ནས་རྒྱ་གར་ལྡི་ལིའི་གྷོ་གྷམ་གྲོང་ཁྱེར་དུ་ཚོགས་འདུ་བསྐོངས་གནང་རྗེས། ཚོང་པའི་ཚོགས་པ་འདི་བཙུགས་ཐུབ་པ་བྱུང་ཡོད། ཚོགས་པ་འདིའི་ལས་འགན་གཙོ་བོ་ནི་ཚོང་ལས་དང་འབྲེལ་བའི་དཀའ་ངལ་སེལ་རྒྱུ་དང་རོགས་རམ་བྱེད་རྒྱུ་རེད། ཅེས་འགྲེལ་བརྗོད་གནང་སོང་།

ད་དུང་ཁོང་གིས་ད་བར་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་དང་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། མ་འོངས་པའང་མུ་མཐུད་ནས་མཐུན་སྦྱོར་གནང་བའི་རེ་བ་ཞུས་སོང་། ཉིན་གསུམ་གྱི་ཚོགས་འདུ་འདིའི་ནང་ཚོགས་པ་འདིའི་ལས་དོན་ཐད་གོ་བསྡུས་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོང་ལས་ཐོག་ནས་རང་ཁ་རང་གསོ་གནང་ཐུབ་ན་ཡག་པོ་ཡོད་པ་དང་། དེ་བཞིན་ཚོང་ལས་གཉེར་མཁན་ཚོར་རོགས་འདེགས་གནང་དགོས་སྐོར་དང་ཕན་ཚུན་ལ་རོགས་རམ་དང་བཟོད་སེམས་གནང་དགོས་པ། ཚོང་རྒྱག་སྐབས་མི་མང་གི་ཡིད་ཆེས་ཐོབ་པའི་སྒོ་ནས་ཚོང་རྒྱག་དགོས་སྐོར་དང་། ལོ་གཅིག་ལ་ཟླ་གཅིག་གཉིིས་ཙམ་རིང་དགུན་ཚོང་གཉེར་རྒྱུ་ཙམ་མ་ཡིན་པར་ལོ་འཁོར་མའི་ནང་གཞིས་ཆགས་ཁག་ནང་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུའི་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག འགན་འཛིན་ལྷན་ཚོགས་ནས་གཞིས་ཆགས་སོ་སོའི་ནང་ལས་འཆར་ཆུས་ངོས་རིགས་སྤེལ་ཐུབ་ཐབས་གནང་དགོས་པ་དང་། དེ་བཞིན་རྒྱ་གར་ནང་ཁྲོམ་སར་མེ་སྐྱོན་ཤོར་རྒྱུའི་གནས་བབ་དེ་ཡང་ཡང་ཡོང་བསྡད་ཀྱི་འདུག དེ་འདྲའི་རིགས་མ་ཡོང་བར་སྔོན་འགོག་གནང་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། རྒྱ་གར་ནང་བོད་མི་ཚོའི་ཁྲོམ་སའི་དཀའ་ངལ་སེལ་ཆེད་ཁས་ལེན་བྱས་པ་བཞིན་ལས་བྱེད་གཉིས་ཀྱི་ས་དམིགས་བཏོན་ཡོད། ཁྲོམ་སའི་དཀའ་ངལ་དང་འབྲེལ་བའི་གཞུང་དང་ཆབ་སྲིད་པ། ཚོང་པ། རྒྱ་གར་གྱི་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད་སྟབས། རྒྱ་གར་རྒྱལ་སར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་བཞག་པ་ཡིན་ན་ནུས་པ་ཆེ་བ་འཐོན་ངེས་རེད།

གཞན་ཡང་བོད་པའི་སྤྱི་ཚོགས་ནང་འབུམ་རམས་པའི་སློབ་སྦྱོང་གནང་མཁན་མང་པོ་ཡོད་ཀྱང་། བོད་པའི་དཔལ་འབྱོར་གྱི་གནས་སྟངས་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་མཁན་མེད་སྟབས་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་སྐོར་འབུམ་རམས་པའི་སློབ་སྦྱོང་གནང་དགོས་པའི་གལ་གནད་དང་། གཞིས་ཆགས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་བྱེད་ས་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་སྐོར་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།