24
Tue, May

ཕྱི་ལོ་༢༠༢༢་ཟླ་༤་ཚེས་༡༥་ཉིན། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་མཇུག་སྡོམ་མཛད་སྒོའི་སྐབས་ཀྱི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༤་ཚེས་༡༥་ཉིན། བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་མཇུག་སྡུད་གནང་འདུག དེར་ཚོགས་བཅར་༨༠་ལྷག་མཉམ་ཞུགས་གནང་ནས། ལོ་རྒྱུས་ཐོག་བོད་དེ་རང་རྐྱ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་བཤད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཁྱིམ་ཚང་ནང་དུ་བོད་ཡིག་ཉར་ཚགས་བྱ་ལུགས་དང་དགེ་ཕན་བཤད་པ། བོད་བཙན་པོའི་སྐབས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་རླབས་ཆེའི་བུད་མེད་དག་ལ་མིག་དཔེར་བཟུང་སྟེ་དམིགས་བསལ་བུད་མེད་ལ་འཁྲི་བའི་འོས་འགན་གླེང་བ་སོགས་བརྗོད་གཞི་ཁག་༡༣ ཐོག་གཏམ་བཤད་དང་བགྲོ་གླེང་གནང་འདུག

དེ་ཡང་། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་འདི་ཟླ་འདི་ཚེས་༡༠་ནས་༡༥་བར་ཚོགས་ཡོད་པ་དང་། དེར་ཏཱ་ལའི་བླ་མ་མཐོ་སློབ། ཝཱཎ་གཙུག་ལག་སློབ་གཉེར་ཁང་། ས་རཱ་མཐོ་སློབ་སོགས་མཐོ་སློབ་ཁག་༢༤་ནས་ཚོགས་བཅར་བ་༨༠་ལྷག་མཉམ་ཞུགས་གནང་ཡོད་འདུག

ཉིན་ལྔའི་རིང་། ༡༽ བཙན་བྱོལ་གྱི་གཞོན་སྐྱེས་རྣམས་རྒྱལ་ཞེན་ཆུང་དྲགས་པའི་རྐྱེན་རྩ་ངོས་བཟུང་ནས་མི་རིགས་ལ་ཤ་ཞེན་གྱི་སེམས་ཚོར་རྣོན་པོ་ཡོང་བའི་ཐབས་ལམ་བཤད་པ། ༢༽ འབྱུང་འགྱུར་ཐ་སྙད་གསར་བཟོའི་ལས་འགུལ་རྒྱ་བསྐྱེད་བྱེད་ཚུལ་དང་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ཁྲོད་ཐ་སྙད་གསར་པ་རྣམས་གཅིག་གྱུར་ཡོང་ཐབས་ཇི་དགེའི་སྐོར་གླེང་བ། ༣༽ བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཚོས་སྦྲགས་སྐད་བཤད་རྒྱུའི་ཤན་ཞུགས་ཀྱི་གོམས་གཤིས་བསྒྱུར་བཅོས་བྱ་ཐབས་ཀྱི་སྐོར་བཤད་པ། ༤༽ མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོར་དམིགས་བསལ་དཀའ་ངལ་ཆེ་ཁག་ལ་གདོང་ལེན་ཇི་ལྟར་དགོས་སྐོར། ༥༽ བོད་ཀྱི་གཞོན་སྐྱེས་གང་མང་རྒྱལ་སྤྱིའི་ཤེས་རིག་གི་སྡིངས་ཆར་མཉམ་ཞུགས་ཡོང་ཐབས་དང་དེ་འབྲེལ་ལམ་གྲོན་ཆ་ཤས་ཞུ་ཕྱོགས་སྐོར་ཀྱི་གལ་གནད་བཤད་པ། ༦༽ བོད་གཞིས་བྱེས་གཉིས་ཀྱི་སློབ་ཕྲུག་བར་ལ་ཤེས་ཡོན་སྐོར་གྱི་ལེགས་ཆ་ལེན་རེས་དང་རྒྱུས་མངའ་དགོས་སྐོར་གྱི་གལ་འགངས་བཤད་པ། ༧༽ ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གསོ་སྐྱོང་དང་རིག་གཞུང་སྲུང་སྐྱོབས་བྱེད་ཕྱོགས་ཐད་དགོན་སྡེ་དང་སློབ་གྲྭ་ཁག་ན་དམིགས་བསལ་འགན་འཁྲི་ཇི་ཡོད་གླེང་བ། ༨༽ བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་ཁྱིམ་ཚང་ནང་དུ་བོད་ཡིག་ཉར་ཚགས་བྱ་ལུགས་དང་དེའི་དགེ་ཕན་བཤད་པ། ༩༽ བོན་བན་གྱི་ཡིག་ཆ་ཁག་ལས་བསྟན་བའི་ཁོར་ཡུག་གཙང་སེལ་བྱེད་ཕྱོགས་སྐོར་གྱི་ངོ་སྤྲོད། ༡༠༽ ཆེད་ལས་རིགས་གཅིག་རྐང་འཛིན་པའི་ཐོན་ཁུངས་རྒྱ་བསྐྱེད་དགོས་བའི་གལ་གནད། ༡༡༽ བོད་བཙན་པོའི་སྐབས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་རླབས་ཆེའི་བུད་མེད་དག་ལ་མིག་དཔེར་བཟུང་སྟེ་དམིགས་བསལ་བུད་མེད་ལ་འཁྲི་བའི་འོས་འགན་གླེང་བ། ༡༢༽ བོད་ཀྱི་གཞོན་སྐྱེས་ཚོས་བོད་དང་བོད་མིའི་དངོས་ཡོད་ལོ་རྒྱུས་ཤེས་དགོས་བའི་དགེ་མཚན་བཤད་པ། ༡༣༽ དུས་རབས་བདུན་པའི་ཡར་སྔོན་བོད་ཀྱི་ཆོས་སྲིད་ལམ་ལུགས་དང་སྐད་ཡིག་གི་གནས་བབ་ལ་དཔྱད་པ་ཞེས་པའི་བརྗོད་གཞི་ཁག་༡༣་གྱི་ཐོག་ལ་གཏམ་བཤད་དང་བགྲོ་གླེང་གནང་འདུག

ཟླ་འདིའི་ཚེས་༡༠་ཉིན། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དམིགས་བསལ་སྐུ་མགྲོན་ས་གནས་འགོ་འཛིན་སྐུ་ངོ་བསྟན་འཛིན་ཆོས་འཕེལ་ལགས། དམིགས་བསལ་སྐུ་མགྲོན་དབུས་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་ལགས། དམིགས་བསལ་སྐུ་མགྲོན་བོན་གཞིས་སམ་བྷོ་ཌའི་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་བཅས་ཕེབས་ཡོད་འདུག

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་མཇུག་སྡོམ་གྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་འཕེལ་ནས་གསུང་བཤད་གནང་འདུག ཚོགས་གཙོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་སྐོར་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཚན་རིག་དང་མཐུན་པའི་ཐོག་ནས་གཞན་ལ་ཕན་ཐོགས་པའི་ཐད་ནས་གང་བྱེད་ཐུབ་མིན་ཐོག་ནས་བསམ་བློ་གཏོང་དགོས་པ་དང་། ད་དུང་སྤྱི་ཚོགས་ལ་ཕན་ཐོགས་པའི་བྱ་སྤྱོད་གསར་པ་གང་ཡོད་མིན་ཐོག་བསམ་བློ་གཏོང་དགོས་སྐོར། བོད་པའི་སློབ་མ་རྣམས་འདབ་གཤོག་གཉིས་ལྡན་ཅན་གྱི་ན་གཞོན་འགྱུར་ཐུབ་པར་འབད་བརྩོན་གནང་དགོས་སྐོར། རིགས་གཅིག་རྐང་འཛིན་ཡོང་ཐབས་འབད་བརྩོན་གནང་དགོས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། རྒྱ་གར་གྱི་མཐོ་རིམ་སློབ་ཆེན་ལ་འགྲིམས་བཞིན་པའི་སློབ་མ་རྣམས་ཀྱིས་ནང་ཆོས་ལ་དོ་སྣང་བྱེད་ཐུབ་ན་རང་ཉིད་དང་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་ཡོད། བོད་པའི་སློབ་མ་རྣམས་ནས་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་སྐབས་རྒྱལ་ཁབ་གཞན་པའི་སློབ་མ་དང་མི་འདྲ་བའི་ཐོག་ནས་སློབ་སྦྱོང་ལ་དམིགས་བསལ་འབད་བརྩོན་གནང་དགོས། ང་ཚོ་ནི་རྒྱལ་ཁབ་ཤོར་བའི་མི་རིགས་ཤིག་ཡིན་ཕྱིན་འགན་འཕར་མ་ཞིག་ཡིན་ཕྱིར་ཆབ་སྲིད་ཐོབ་དོ་སྣང་དང་འགན་ཁུར་ཤུགས་ཆེན་ལེན་དགོས་པ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་མ་འོངས་ཡིན་ནའང་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་པའི་སློབ་མ་རྣམས་མཐོ་རིམ་སློབ་མའི་ཚོགས་ཆེན་ནང་མཉམ་ཞུགས་བྱེད་ཐུབ་ན་སེམས་ཤུགས་བསྐྱེད་རྒྱུར་ཕན་ཐོགས་ཡོང་གི་བསམས་ཀྱི་འདུག ཅེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།