24
Tue, May

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སྐབས། པར། སྤྱི་འཐུས་ལྷན་ཚོགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ཟླ་༣ ཚེས་༡༤ ཉིན། བཞུགས་སྒར་རྡ་ས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་ནས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་བཞག་གནང་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩:༣༠ ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། ཚོགས་གཙོ་མཆོག་དབུ་ཞུགས་ཐོག སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

དང་ཐོག ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ཐོག་མར་འཚམས་འདྲི་ཞུ་རྒྱུ་དང་ཚོགས་དུས་གཉིས་པ་ནང་སྤྱི་འཐུས་གཅིག་མ་གཏོགས་ཚང་མ་འཛོམས་ཐུབ་ཡོད། དེ་རིང་ལས་རིམ་ཁྲོད་ཚོགས་གཙོའི་ལས་ཚབ་དང་། ཚོགས་ཆུང་གི་ཚོགས་མི་བསྐོ་གཞག དེ་བཞིན། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར། ལས་བསྡོམས་སྙན་སྒྲོན་དང་། ཞིབ་བཤེར་ལས་དོན། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༠༌ནས་༢༠༢༡ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་རེད། ཅེས་དང་།

ཁོང་གིས་མཐུད་ནས་གསུང་དོན། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་གི་ནང་དུ། རང་ལུས་མེར་བསྲེགས་གནང་མཁན་གཞས་པ་ཚེ་དབང་ནོར་བུ་ལགས་དང་། ༸གོང་ས་མཆོག་གི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་ (Virbhadra Singh) མཆོག སྤྱི་ཟུར་འབྲོག་སྨད་ཚེ་བརྟན་ནོར་བུ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ལགས་བཅས་ཡོད།

ད་དུང་ཁོང་གིས་གསུང་དོན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དུ། བོད་ཁམས་བྲག་མགོ་ནང་དུ་སྟོན་པའི་སྐུ་འདྲ་དང་རྗེ་བཙུན་བྱམས་མགོན་སྐུ་འདྲ་སོགས་གཏོར་བཤིག་བཏང་བ་མ་ཟད། བོད་མི་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར་བྱས་དང་བྱེད་བཞིན་པ། གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ། དེ་བཞིན་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་བཙོན་འཇུག་ཁྲིམས་ཐག་བཅད་པ། གསུམ་བཅུ་དུས་དྲན་གཡས་གཡོན་ལ་བོད་དོན་ཛ་དྲག་གནས་སྟངས་ཆགས་པ་བཅས་ཀྱི་སྐོར་རེད། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ལས་འགུལ་འདྲ་མིན་སྤེལ་བའི་ཐོག་ནས་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་ནས་ཁོང་གིས་གསུང་དོན། ཚོགས་གཙོ་དང་སྤྱི་འཐུས་ཁག་ཅིག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་སུ་གདན་འདྲེན་དང་བོད་དོན་སྐོར་ངོ་སྤྲོད་གནང་ཡོད་སྐོར་དང་། དེ་ནས་ཨ་རི་གཞུང་ནས་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་སྐོར། སྐུ་ཚབ་མཆོག་གིས་བོད་རྒྱ་འབྲེལ་མོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར་བཅས་གསུངས་སོང་།

མཐའ་མར། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཚོགས་དུས་རིང་སྤྱི་འཐུས་ཕུན་ཚུལ་བར་དུ་བཀའ་མོལ་ཚུལ་དང་མཐུན་པ་གནང་དགོས་པའི་སྐུལ་མ་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།