19
Fri, Apr

ཕྱི་ལོ་༢༠༢༢་ཟླ་༢་ཚེས་༩ཉིན། སྲིད་སྐྱོང་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་དབུ་འབྱེད་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༢ཚེས་༩ཉིན། བཞུགས་སྒར་རྡ་ས་གངས་ཅན་སྐྱིད་གཤོངས་སུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དངོས་སུ་དབུ་འབྱེད་གནང་སོང་། སྐབས་དེར། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་ལགས་ཀྱིས་འགྲེམས་སྟོན་འདིར་བོད་ཀྱི་འདས་པ་དང་ད་ལྟའི་ལོ་རྒྱུས་དང་། རྒྱ་ནག་གིས་འཁྱོག་བཤད་བྱས་པའི་བོད་ཀྱི་ལོ་རྒྱུས་རྣམས་དངོས་བདེན་མིན་པ་གསལ་འདོན་བྱས་ཡོད། ཅེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠་པའི་ཐོག རྡ་ས་གངས་ཅན་སྐྱིད་གཤོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད་གནང་སོང་། དེ་ནས་བོད་ཀྱི་འགྲེམས་སྟོན་འདི་དང་འབྲེལ་བའི་མཛད་སྒོ་ཞིག་ཀྱང་ཚོགས་སོང་།

མཛད་སྒོ་དེའི་ཐོག བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེམས་སྟོན་གསར་པའི་ངོ་སྤྲོད་གནང་དོན། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞི་འདི་ནི། ཕྱི་ལོ་ ༢༠༡༧ ལོར་དཔལ་ལྡན་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་༡༥ཡི་སྐབས་ལ་འགོ་འཛུགས་ཞུས་ནས། ཕྱི་ལོ་༢༠༢༢ ལོར་དཔལ་ལྡན་སྲིད་སྐྱོད་སྤེན་པ་ཚེ་རིང་མཆོག་གིས་དབུ་འཁྲིད་པའི་བཀའ་ཤག་སྐབས་༡༦ གི་སྐབས་སུ་ལས་གཞི་མཇུག་སྒྲིལ་གྱིས་འགྲེམས་སྟོན་ཁང་དངོས་སུ་དབུ་འབྱེད་གནང་བ་ཞིག་ཡིན། ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། བོད་ཀྱི་འགྲེམས་སྟོན་ཁང་འདིའི་ནང་དུ་འདས་ཟིན་པའི་བོད་དང་། ད་ལྟའི་བོད། མ་འོངས་པའི་བོད་བཅས་ཀྱི་ནང་དོན་ཡོང་ཐབས་བྱས་ཡོད། ང་ཚོས་ཅ་དངོས་དང་། ཡིག་ཆ། འདྲ་པར། བོད་མི་སྒེར་གྱི་ལོ་རྒྱུས་བཅས་ལ་གཞི་བཅོལ་ནས་བོད་ཀྱི་རིག་གནས་དང་། ཉེ་རབས་བཙན་བྱོལ་བོད་མིའི་ལོ་རྒྱུས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་མཛད་འཕྲིན་སོགས་ལས་བོད་ཀྱི་དེ་བྱུང་རིག་པ་དང་། ཆབ་སྲིད། རིག་གནས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཅི་ཐེབས་སོགས་ཀྱི་གནས་ཚུལ་གལ་ཆེའི་རང་བཞིན་རྣམས་འགྲེམས་སྟོན་ཞུས་ཡོད།

ལྷག་པར་ཉེ་དུས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐད་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་བ་མ་ཟད། བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་དང་། གཏེར་ཁ་བསྔོག་འདོན་བྱས་པ། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་གཅེས་འཛིན་བྱ་རྒྱུའི་ལས་དོན་ལ་ཆེད་མངགས་འགོག་རྐྱེན་དང་དམ་དྲག་སུན་གཙེར་བཟོས་པ་དེ་དག་ང་ཚོས་འགྲེམས་སྟོན་འདི་བརྒྱུད་གསལ་འདོན་བྱས་ཡོད། ཅེས་གསུངས་སོང་།

དེ་ནས་ཁོང་གིས་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་གཏན་འཇགས་འགྲེམས་སྟོན་ཚན་པ་ཁག་༡༠ ཡི་སྐོར་ངོ་སྤྲོད་གནང་དོན། དང་པོ་ནི། བོད་ཀྱི་རིག་གཞུང་ངོ་སྤྲོད། གཉིས་པ་ནི་བོད་ཀྱི་ལོ་རྒྱུས། གསུམ་པ་ནི་༸གོང་ས་མཆོག བཞི་པ་ནི་བཙན་འཛུལ། ལྔ་པ་ནི་འགོག་རྒོལ། དྲུག་པ་ནི་བྲོས་བྱོལ། བདུན་པ་ནི་བཙན་བྱོལ། བརྒྱད་པ་ནི་དེང་སྐབས་ཀྱི་བོད། དགུ་པ་ནི་བོད་ཀྱི་ཁོར་ཡུག བཅུ་པ་ནི་བོད་མི་ཞིག་ཡིན། ཞེས་ཚན་པ་བཅུའི་སྐོར་འགྲེལ་བརྗོད་གནང་སོང་།

༡༽  བོད་ཀྱི་རིག་གཞུང་ངོ་སྤྲོད། འགྲེམས་སྟོན་ཁང་དུ་ཕེབས་མཁན་ཚོར་ཚན་པ་འདིས་བོད་ཀྱི་རིག་གཞུང་དང་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ཅི་ཡིན་འགྲེལ་བརྗོད་བྱེད་བཞིན་ཡོད། དཔེར་ན། བོད་མི་ཚོས་རང་གི་ཐུན་མིན་གྱི་གྱོན་ཆས་གྱོན་པ་དང་། སྲོལ་རྒྱུན་ཁ་ཟས་རོལ་བ། ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ། དེ་བཞིན་བཙན་བྱོལ་བོད་མིའི་ཁྲོད་ནས་བོད་པའི་རིག་གཞུང་བསྐྱར་གསོ་དང་ཉར་ཚགས་བྱེད་པའི་ཐབས་ལམ་མང་པོ་ནན་བཤད་བྱས་ཡོད།

༢༽  བོད་ཀྱི་ལོ་རྒྱུས། ཚན་པ་འདིའི་ནང་བོད་ཀྱི་རྒྱལ་པོ་ཐོག་མ་བྱུང་བའི་དུས་སྐབས་ནས་ཕྱི་ལོ་༡༩༥༩ ལོར་བོད་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་བཟུང་བྱས་པའི་དུས་ཡུན་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་གི་བྱུང་བ་གལ་གནད་ཆེ་བ་རྣམས་ངོ་སྤྲོད་ཞུས་ཡོད་པའི་ཐོག ཕྱི་ལོ་ ༡༩༥༩ གོང་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་ཡིག་ཆ་དང་དངོས་རྫས། གློག་བརྙན་སོགས་བརྒྱུད་བདེན་དཔང་ར་སྤྲོད་བྱས་ཡོད།

༣༽  ྋགོང་ས་མཆོག ཚན་པ་འདིའི་ནང་ྋརྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་། གསང་གསུམ་གྱི་མཛད་འཕྲིན་ཇི་ལྟར་བསྐྱངས་དང་སྐྱོང་བཞིན་པ། མཛད་རྗེས་དེ་དག་ལས་རྒྱལ་སྤྱིའི་ཁྱོན་ལ་ཤུགས་རྐྱེན་ཅི་ཐེབས་བཅས་ངོ་སྤྲོད་ཞུས་ཡོད།

༤༽  བཙན་འཛུལ། ཚན་པ་འདིའི་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་སར་བཙན་འཛུལ་ཇི་ལྟར་བྱས་པ་དང་། བཙན་འཛུལ་བྱེད་པའི་བརྒྱུད་རིམ་དང་དེ་རྗེས་ཀྱི་གནས་སྟངས། གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་ཇི་ལྟར་བཞག་བཅུག་པ། བོད་ནང་དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཟེར་བའི་སྲིད་བྱུས་ལག་བསྟར་བྱེད་པའི་བརྒྱུད་རིམ་རྣམས་ལོ་རྒྱུས་ཡིག་ཆ་དང་དངོས་རྫས། དཔར་རིས་སོགས་ཀྱི་ལམ་ནས་གསལ་འདོན་བྱས་ཡོད།

༥༽  འགོག་རྒོལ། ཚན་པ་འདིའི་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་ལག་བསྟར་བྱས་དང་བྱེད་བཞིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་བོད་མི་ཚོས་དཔའ་དར་སྙིང་སྟོབས་ཆེན་པོས་འཚེ་མེད་ཞི་བའི་ལམ་ནས་གདོང་ལེན་ཇི་ལྟར་བྱེད་བཞིན་པ་དང་། ལྷག་པར་ཕྱི་ལོ་༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་ཞི་བའི་གྱེན་ལངས་ཇི་ལྟར་བྱས་པ་དང་། དེ་རྗེས་བལ་བོད་ས་མཚམས་གློ་སྨོན་ཐང་དུ་འཇབ་དམག་བཙུགས་ནས་དྲག་རྒོལ་ཇི་ལྟར་བྱས་པ། བོད་ཀྱི་སྙེ་མོའི་ས་ཁུལ་དུ་བོད་མིས་རྒྱ་ནག་གཞུང་ལ་འཐབ་འཛིང་ཇི་ལྟར་བྱས་པ། གཞན་ཡང་། སྤྱི་ལོ་༡༩༨༧། ༡༩༨༨། ༡༩༨༩་དང་ ༢༠༠༨ ཅས་སོ་སོར་གཞིས་ལུས་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་ལ་འཚེ་མེད་ཞི་བའི་ལམ་ནས་མུ་མཐུད་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྔ་རྗེས་སྤེལ་བའི་གནས་ཚུལ་རྣམས་གསལ་འདོན་བྱས་ཡོད།

༦༽  བྲོས་བྱོལ། ཚན་པ་འདིའི་ནང་བོད་མི་ཚོས་བཙན་བྱོལ་དུ་བྲོས་བྱོལ་ལ་ཡོད་སྐབས་ལམ་བར་དཀའ་སྡུག་ཇི་མྱོང་སྐོར་གྱི་གནས་ཚུལ་བོད་མི་སྒེར་གྱི་ལོ་རྒྱུས་དང་། ཚིག་ཐོག་འཁོད་པའི་ངག་རྒྱུན་ལོ་རྒྱུས། དངོས་བྱུང་གློག་བརྙན། དྲི་བ་དྲིས་ལན་སོགས་ལ་གཞི་བཅོལ་ནས་གསལ་འདོན་བྱས་ཡོད།

༧༽  བཙན་བྱོལ། ཚན་པ་འདིས་བཙན་བྱོལ་བོད་མིའི་མྱོང་ཚོར་འཁོད་ཡོད། བཙན་བྱོལ་དུ་བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བྱུང་རིམ། གཞན་ཡང་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་མཁན་གྱི་སྒྲིག་འཛུགས་དང་ཚོགས་པ་ཁག་སྐྱེད་སྲིང་ཇི་ལྟར་བྱས་པའི་གནས་སྟངས་ཚན་པ་འདི་ནས་རྒྱུས་ལོན་བྱེད་ཐུབ།

༨༽  དེང་སྐབས་ཀྱི་བོད། ཚན་པ་འདིས་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་བྱུས་འོག་བོད་ནང་ཤུགས་རྐྱེན་ཇི་ཐེབས་གསལ་འདོན་བྱེད་བཞིན་ཡོད། བོད་མི་སྒེར་གྱི་དངོས་བྱུང་མྱོང་ཚོར་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་ཉམས་ཞིབ་བྱས་པའི་སྙན་ཐོ། གསར་འགོད་པས་དཔྱད་ཞིབ་བྱས་པའི་གྲུབ་དོན། རྒྱ་ནག་སྐོར་སྲུང་བ་དང་དྲག་ཆས་ཉེན་རྟོག་མི་སྣས་བོད་མིའི་ཐོག་བཀོལ་སྤྱོད་བྱེད་པའི་ལག་ཆ་ཁག་འགྲེམས་སྟོན་ཞུས་ཡོད།

༩༽  ཁོར་ཡུག རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་བརྡབ་གསིག་ཇི་འདྲ་བཏང་དང་གཏོད་བཞིན་ཡོད་པ་ཚན་པ་འདིས་གསལ་འདོན་བྱེད་ཡོད། རྒྱ་ནག་གཞུང་གིས་བོད་ནང་ནགས་ཚལ་གཅོད་བྲེག་དང་ཆུ་མཛོད་ཚོད་མེད་རྒྱག་པ། ས་དྲོད་རྒྱས་ནས་གཏན་འཇགས་འཁྱགས་རིམ་ཞུ་བར་བརྟེན། རྒྱ་གར་གྱིས་གཙོས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་ཤུགས་རྐྱེན་ཇི་འདྲ་བཟོ་བཞིན་ཡོད་པ་གསལ་འདོན་བྱེད་ཡོད།

༡༠༽  བོད་མི་ཞིག་ཡིན་པ། ཚན་པ་འདིས་བོད་མི་མི་རབས་གསར་པ་ཁག་གཅིག་ངོ་སྤྲོད་བྱེད་བཞིན་ཡོད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་འདི་དག་གིས་བཙན་བྱོལ་བའི་མི་ཚེའི་ནང་དཀའ་ངལ་དུ་མར་གདོང་ལེན་བྱས་ནས་རིག་གནས་དང་རྩེད་རིགས། སྨན་གྱི་སྡེ་ཚན་དང་གླུ་གར་གྱི་སྒྱུ་རྩལ། ཤེས་ཡོན། ཆབ་སྲིད་བཅས་ཐོག་རྒྱལ་སྤྱིའི་ནང་གཟེངས་སུ་ཐོན་པ་རྣམས་ངོ་སྤྲོད་བྱེད་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་ད་དུང་བརྗོད་དོན། བོད་ཀྱི་འགྲེམས་སྟོན་ཁང་འདི་དེང་དུས་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་གནས་ཚད་དང་མཐུན་པ་བཟོ་ཐབས་ཞུས་ཡོད། དེང་དུས་འཕྲུལ་ཆས་བེད་སྤྱོད་བྱས་པ་ཙམ་མ་ཡིན་པར་འགྲེམས་སྟོན་རྒྱུ་ཆ་མཁོ་སྒྲུབ་དང་བསྒྲིགས་གཤོམ་བྱེད་ཡོད་རྣམས་ཀྱང་འགྲེམས་སྟོན་འགྲོ་ལུགས་དང་མཐུན་པ་བྱས་ཡོད། འགྲེམས་སྟོན་འདིའི་ནང་བསྒྲིགས་གཤོམ་ཞུས་པའི་འདྲ་པར་དང་། བརྙན་ཐུང་། ཡིག་ཆ་དང་ལོ་རྒྱུས་ཚང་མ་དོ་བདག་ལ་བཀའ་འཁྲོལ་ཞུས་པ་དང་མོས་མཐུན་ཡོད་ནས་བསྒྲིགས་གཤོམ་ཞུས་པ་ཞིག་ཆགས་ཀྱི་ཡོད། ཅེས་ཀྱང་འགྲེལ་བརྗོད་གནང་སོང་།

དེའི་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་འཚོལ་ཞིབ་མཛད་སྟངས་སྐོར་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་སོང་། དེ་བཞིན་བོད་ནང་གི་དངོས་དོན་རྟོག་ཞིབ་སླད་བཙན་བྱོལ་ནས་གཟིགས་སྐོར་ཐེངས་བཞི་ཕེབས་པའི་སྐོར་བརྙན་ཐུང་ཞིག་ཀྱང་གཟིགས་འབུལ་ཞུས་སོང་།

དེ་ནས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་བོད་ཀྱི་འགྲེམས་སྟོན་ཚན་པའི་འགོ་ལས་ཡོངས་ལ་བསྔགས་བརྗོད་ཕྱག་འཁྱེར་གནང་རྗེས། བོད་ཀྱི་འགྲེམས་སྟོན་འདིའི་གལ་ཆེན་རང་བཞིན་དང་། བོད་ཀྱི་ལོ་རྒྱུས་དང་། འཐབ་རྩོད། ད་ལྟའི་གནས་སྟངས་སོགས་འགྲེམས་སྟོན་ཁང་གི་དཔར་དང་ཡིག་ཆ། ཅ་དངོས་བཅས་ནས་ཤེས་རྟོགས་ཐུབ་པ་དང་། བོད་པའི་གཞོན་སྐྱེས་ཚོར་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སོགས་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེའི་རྗེས། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་དངོས་སུ་དབུ་འབྱེད་བྱས་པ་རེད། རྩ་བའི་གཞུང་འབྲེལ་གྱི་དབུ་འབྱེད་མཛད་སྒོ་སྲིད་ཟུར་བློ་བཟང་སེངྒེ་མཆོག་གིས་ཕྱི་ཟླ་ལྔ་པའི་ནང་གནང་གྲུབ་ཟིན་པ་ཞིག་རེད། བོད་ཀྱི་འགྲེམས་སྟོན་འདི་རྩ་བའི་བཀའ་ཤག་གོང་མའི་དབུ་འཛུགས་དང་། ལམ་སྟོན། བཀོད་བྱུས་གནང་ནས་བསྒྲུབས་པ་ཞིག་ཆགས་བསྡད་ཡོད་རེད། སྤྱིར་ལས་དོན་མང་ཆེ་བ་གྲུབ་ཟིན་པ་རེད། དེར་བརྟེན། བཀའ་ཤག་གསར་པའི་ངོས་ནས་ལས་དོན་དེར་གསར་སྣོན་སོགས་གང་ཡང་གནང་མེད། སྤྱིར་དེ་སྔ་བོད་ཀྱི་འགྲེམས་སྟོན་ཁང་ཆུང་བ་ཞིག་རྣམ་རྒྱལ་གྲྭ་ཚང་གི་ཁོར་ཡུག་ནང་ཡོད་པའི་སྒང་ལ་གངས་སྐྱིད་དུ་བོད་ཀྱི་འགྲེམས་སྟོན་ཁང་ཆེ་བ་ཞིག་བཀའ་ཤག་སྐབས་སྔ་མས་འགན་བཞེས་ཏེ་བརྒྱབ་པ་རེད། ཕྱག་ལས་འདི་ཡག་པོ་ཞེ་དྲག་བྱུང་འདུག་དེར་བསྔགས་བརྗོད་ཞུ་རྒྱུ་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། སྤྱིར་ང་ཚོས་ལས་དོན་གང་སྒྲུབ་པ་ཡིན་ནའང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བྱིན་རླབས་ལས་ཡོང་གི་ཡོད་པར་བརྟེན། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་བཀའ་ཤག་གིས་འགན་ཁྱེར་བའི་ཐོག་ནས་གསལ་པོར་ཞུ་རྒྱུར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་སྐུ་གཟུགས་གསལ་ཐང་ངང་སྐུ་ལྷོད་ལྷོད་གནང་ནས་བཞུགས་ཡོད་ཅེས་ཞུ་འདོད་བྱུང་། ཞེས་བརྗོད་སོང་།

གཞན་ཡང་། ཁོང་གིས་ད་ལྟའི་བཀའ་ཤག་གིས་སྲིད་བྱུས་ནང་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་ཞུས་ཡོད་ཅིང་། དེ་བརྒྱུད་མི་དང་མི་ཐུག ས་ཆ་ནས་ས་ཆར་ཕྱིན་ནས་ཞུ་གཏུག་བྱ་རྒྱུ་དེ་རེད། ལས་འགུལ་དེ་རིགས་བོད་མིའི་སྒྲིག་འཛུགས་ནས་དེ་སྔ་སྤེལ་ཡོད་ལ་ད་ལྟ་ཤུགས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེ་བརྒྱུད་ལམ་གལ་ཆེ་ཤོས་དེ་རེད། དེ་མ་ཡིན་པའི་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་ཐབས་ལམ་གཞན་ཡང་མང་པོ་རེད། དེ་ཚོའི་ནང་ནས་གཅིག་ནི་འགྲེམས་སྟོན་ཁང་འདི་རེད། འགྲེམས་སྟོན་ཁང་འདི་ལྟ་བུ་བཙུགས་རྗེས་ནང་དོན་རྣམས་སྒྲིག་འཛུགས་ནས་ཞིབ་འཇུག་ཚད་ལྡན་བྱས་ཏེ་གཏན་ལ་ཕབ་ན། སུ་ཞིག་འགྲེམས་སྟོན་ཁང་ལ་ཕྱིན་པ་ཡིན་ནའང་གང་མཐོང་བ་དང་། ཉན་པ་དེ་གཅིག་འགྱུར་ཡོང་ཐུབ་པ་མ་ཟད། གནས་ཚུལ་ཆ་ཤས་ཙམ་མ་ཡིན་པར་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་རེད། ཅེས་གསུངས་སོང་།

ཁོང་གིས་ད་དུང་བརྗོད་དོན། ད་ལྟ་དགའ་ལྡན་ཕོ་བྲང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་འགྲེམས་སྟོན་ཁང་ཆེ་བ་ཞིག་གསར་བཞེངས་གནང་གི་ཡོད་རྐྱེན། བོད་ཀྱི་འགྲེམས་སྟོན་ཁང་འདིའི་ནང་༸གོང་ས་མཆོག་དང་འབྲེལ་བའི་ནང་དོན་མང་པོ་བཞག་ཡོད་མ་རེད། གཙོ་བོ་བོད་ཀྱི་ལོ་རྒྱུས་དང་། འཐབ་རྩོད། ཆབ་སྲིད་དང་སྒྱུ་རྩལ་རིག་གནས་དང་འབྲེལ་བའི་ནང་དོན་མང་པོ་ཞིག་བཞག་ཡོད་རེད། དེར་བརྟེན། རྡ་སར་ཡོང་མཁན་ཡུལ་སྐོར་བ་རྣམས་ལ་བོད་དོན་ཆ་ཚང་བ་རྟོགས་ཐུབ་པའི་ཁྱད་པར་ཡོད་རེད། ཅེས་གསུངས་སོང་།

མཐའ་མར། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་གཞོན་པ་བསྟན་འཛིན་སྟོབས་ལྡན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་སོང་།

བོད་ཀྱི་འགྲེམས་སྟོན་ཁང་དུ་ཕེབས་པའི་དུས་ཚོད་རེའུ་མིག་ནི། གཟའ་མིག་དམར་ནས་ཉི་མ་བར། ཞོགས་པ་ཆུ་ཚོད་༩་པ་ནས་དགོང་མོ་ཆུ་ཚོད་༥་བར་ཡིན་འདུག གཟའ་ཟླ་བ་དང་གཞུང་འབྲེལ་གུང་གསེང་སྐབས་འགྲེམས་སྟོན་ཁང་སྒོ་རྒྱག་གི་ཡོད་འདུག་ལ། མི་རྒན་པ་ཧིན་སྒོར་༢༠་དང་བྱིས་པ་རྣམས་ལ་རིན་མེད་ཡིན་པར་བཀོད་འདུག ད་དུང་། ཉིན་ལྟར་ཆུ་ཚོད་༣་པའི་ཐོག བོད་དང་འབྲེལ་བའི་ཐོག་གློག་བརྙན་སྟོན་རྒྱུ་ཡིན་འདུག དེ་བཞིན། གཟའ་པ་སངས་ཉིན་ལྟར་ཆུ་ཚོད་༣་པའི་ཐོག་བོད་དོན་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།