16
Tue, Apr

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༡་ཉིན། རྡ་སར་བོད་མི་ཚོས་གཉན་ནད་རེག་དུག་གི་སྐོར་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༡་ཉིན། བཞུགས་སྒར་རྡ་སའི་ཉེ་འཁོར་ལ་འཕྲོད་བསྟེན་ལས་ཁུངས་དང་། བོད་གཞུང་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། རྡ་ས་ས་གནས་བུད་མེད་ལྷན་ཚོགས་། ཀུན་ཕན་ནད་གསོ་ཁང་བཅས་ཀྱིས་བོད་མི་དང་རྒྱ་གར་བ་སོགས་ལ་གཉན་ནད་རེག་དུག(AIDS)་སྐོར་ལ་ཡིག་ཆ་འགྲེམས་སྤེལ་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་སོང་། སྐབས་དེར། གཉན་ནད་རེག་དུག་གི་ནད་གཞི་དེ་གང་འདྲ་བྱས་ནས་འགོས་ཀྱི་ཡོད་མེད་ཤེས་རྟོགས་མེད་པར་ནད་པར་ཞེ་སྣང་དང་ཐེ་ཚོམ་སོགས་ཀྱི་ཚོར་སྣང་བྱུང་བའི་རྐྱེན་གྱིས་ནད་པར་དབྱེ་འབྱེད་བྱས་པའི་གནས་སྟངས་ཡོང་གི་ཡོད། ནད་པར་ཕན་ཐོགས་ན་རབ་དང༌། དེ་མིན་ནད་པར་ཚིག་རྩུབ་དང་གནོད་སྐྱོན་རིགས་ནམ་ཡང་བྱེད་མི་རུང་། ཞེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠:༣༠་ཐོག རྡ་ས་མོན་གྷན་སྤྱི་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་གཞུང་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། རྡ་ས་ས་གནས་བུད་མེད་ལྷན་ཚོགས་། ཀུན་ཕན་ནད་གསོ་ཁང་བཅས་ཀྱིས་བོད་མི་དང་རྒྱ་གར་བ་སོགས་ལ་གཉན་ནད་རེག་དུག་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་དང་། ཁྲག་ཤེད་། རེག་དུག་གཉན་སྲིན(HIV) བཅས་ལ་རིན་མེད་ཐོག་བརྟག་དཔྱད་བྱས་སོང་། གོ་རྟོགས་ཀྱི་ལས་འགུལ་བ་འདི་གངས་སྐྱིད་དང་། ནོར་གླིང་བཅས་ལའང་སྤེལ་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་ནས་འཕྲོད་བསྟེན་བཀའ་བློན་མཆོག་གི་བསྒྲགས་གཏམ་སྒྲོག་སྦྱང་བྱེད་དོན། འཛམ་གླིང་གཉན་ནད་རེག་དུག་ཉིན་མོར་ནད་གཞིའི་ཐད་ཤེས་རྟོགས་གོང་འཕེལ་དང་ནད་གཞི་ལས་སྔོན་འགོག་ཡོང་ཐབས་གོ་རྟོགས་ལས་འགུལ་མང་དག་ཞིག་སྤེལ་བཞིན་ཡོད་པ་དང་། ནད་གཞི་ཕོག་པའི་ནད་པ་རྣམས་ལ་གདུང་སེམས་མཉམ་སྐྱེས་དང་སྙིང་རྗེའི་ངང་ནས་ལྟ་སྐྱོང་དང་རོགས་ཕན་ཡོང་ཐབས་བཅས་སུ་དམིགས་པ་ཡིན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་རང་རེའི་སྤྱི་ཚོགས་ནང་ནད་གཞིའི་སྔོན་འགོག་དང་གཉན་ནད་རེག་དུག་ནད་པ་ཚོར་དབྱེ་འབྱེད་མི་ཡོང་བའི་ཐབས་ལམ་གཙོ་བོ་དང་། དེ་བཞིན་ནད་གཞི་དང་འབྲེལ་དམིགས་བསལ་ཐུགས་སྣང་དགོས་པའི་གནས་དོན་ཐད་བོད་རིགས་སློབ་གྲྭ་དང་གཞིས་སྒར་ཁག་ནང་གོ་རྟོགས་ཀྱི་ལས་གཞི་རྒྱ་ ཆེ་སྤེལ་རྒྱུའི་གོ་སྐབས་ཞིག་ཀྱང་ཡིན་སྟབས་ལོ་མང་ནས་འདི་ནས་རོགས་དངུལ་ཐབས་ཤེས་ཀྱི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད།

འཛམ་གླིང་ནང་གཉན་ནད་རེག་དུག་གི་ནད་གཞི་ཐོག་མར་ངོས་ཟིན་ཐུབ་པ་ནས་ད་བར་མི་གྲངས་ས་ཡ་༧༩་༣ ཙམ་ལ་ནད་གཞི་ཕོག་ཡོད་པ་དང༌། ད་བར་མི་གྲངས་ས་ཡ་༣༦༣ ཙམ་འདས་གྲོངས་སུ་ཕྱིན་ཡོད། ཕྱི་ལོ་༢༠༢༠ ལོར་གཉན་ནད་རེག་དུག་ནད་གཞི་ཕོག་པའི་ནད་པ་གསར་པ་ས་ཡ་༡་༥ ཙམ་བྱུང་ཡོད་པ་དང༌། མི་གྲངས་འབུམ་༦་༨ འདས་གྲོངས་སུ་ཕྱིན་ཡོད། ད་ལྟའི་འཆར་མི་གྲངས་ས་ཡ་༣༧༧ ཙམ་ནད་གཞི་ཕོག་ཡོད་པའི་གནས་སྟངས་ཆགས་ཡོད། ནད་གཞིའི་ཐད་གོ་རྟོགས་ཡར་རྒྱས་ཀྱིས་ནད་པ་གསར་པའི་གྲངས་ཐོ་སྔར་ལས་ཉུང་དུ་འགྲོ་བཞིན་ཡོད། དེ་ཡང་ཕྱི་ལོ་༢༠༡༠ ནས་༢༠༢༠ བར་ནད་པ་གསར་པའི་གྲངས་ཐོ་བརྒྱ་ཆ་༣༡་མར་ཆགས་ཡོད། ཕྱི་ལོ་༢༠༡༠ ལོར་ནད་པ་གསར་པ་ས་ཡ་༢་༡ ནས་ཕྱི་ལོ་༢༠༢༡ ལོར་ནད་པ་གསར་པ་ས་ཡ་༡་༥ བྱུང་ཡོད། དེ་མཚུངས་ཕྱི་ལོ་ ༢༠༡༠ ལོར་ནད་གཞི་འདིའི་རྐྱེན་འདས་གྲོངས་སུ་གྱུར་བ་ནད་པ་གྲངས་ས་ཡ་༡་༣ ནས་ཕྱི་ལོ་༢༠༢༠ ལོར་མི་གྲངས་འབུམ ༦་༨ ལས་འདས་གྲོངས་སུ་གྱུར་མེད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་སྔོན་འགོག་ཐབས་ལམ་དང་ནད་གཞི་ཕོག་པའི་ནད་པ་རྣམས་ལ་དགོས་གལ་སྨན་བཅོས་ཀྱི་མཐུན་འགྱུར་སོགས་བསྐྲུན་བཞིན་ཡོད་པས་ད་ལྟའི་འཆར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོ་འགོད་ནང་ནད་པ་གྲངས་༥༣ ཡོད་པ་དང་ཁོང་རྣམས་ལ་ལྟ་སྐྱོང་དང་མཐུན་འགྱུར་ཞུ་མུས་སུ་ཡོད།

འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཆེ་ཁག་ནང་གཉན་ནད་རེག་དུག་ནད་འབུ་ཡོད་མེད་བརྟག་དཔྱད་བྱེད་ཕྱོགས་ཐད་ཟབ་སྦྱོང་ཐེངས་མང་ཕུལ་ཡོད་པས་མང་ཚོགས་ནས་དེ་དོན་ཆ་ཤས་བཞེས་ལེན་ཐུབ་པ་དགོས ། དེང་སྐབས་སྨན་སྦྱོར་དང་ཚན་རིག་ཡར་རྒྱས་ལ་བརྟེན་ནས་ Ant Retoviral Therapy ཞེས་པའི་རྒྱ་གར་གཞུང་གི་སྨན་ཁང་ནས་རིན་མེད་ཐོག་སྨན་བཞེས་རྒྱུའི་ཆ་རྐྱེན་ཡོད་པ་དང༌། སྨན་དེའི་གཟུགས་པོའི་ནང་གི་CD4 གྲངས་ཚད་ཆ་སྙོམས་གནས་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེ་འདྲ་སོང་ཙང་རང་ངོས་ནས་ནད་གཞི་དེ་ཡོད་ཚེ་སྨན་དེ་མཆོད་དགོས་པ་དང་། གཟུགས་ཁམས་ལ་བདག་གཅེས་དང་། ལུས་སྦྱོང་སོགས་ཀྱི་ལམ་ནས་ལུས་སེམས་གཉིས་ཀ་བདེ་ཐང་ངང་གནས་ཐབས་བྱ་དགོས།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཁྱབ་ཁོངས་སྨན་ཁང་བརྒྱུད་ནད་པར་དབྱེར་མེད་ཐོག་ལྟ་རྟོགས་དང་རོགས་རམ་ཞུ་བཞིན་ཡོད་ནའང༌། སྤྱི་ཚོགས་ནང་ནད་པར་ལྟ་སྟངས་དང་སྤྱོད་ཚུལ་དབྱེ་འབྱེད་རྐྱེན་པས་ནད་པར་སེམས་ཀྱི་དཀའ་ངལ་འཕར་མ་བཟོས་པ་སོགས་ཀྱིས་ནད་པ་མདུན་ཐོན་མཚམས་འཇོག་པ། དེ་བཞིན་གནས་སྤོས་བྱས་པ། ལས་ཀ་བཞག་རྒྱུ་འཁེལ་བའམ་ཕུད་པ། དགའ་རོགས་དང་ནང་མི་ནས་ཁ་བྲལ་དགོས་པའི་གནས་སྟངས་མང་དག་ཞིག་གི་དཀའ་ངལ་ལ་བརྟེན་ནས་མཐའ་མ་སྤྱི་ཚོགས་ནས་ཐོན་འགྲོ་བའམ། འཆི་སྐྱོན་བྱུང་བའི་གནས་སྟངས་ཡང་ཡོང་གི་ཡོད།

གཉན་ནད་རེག་དུག་ནད་འབུ་ཡོད་མཁན་གང་ཟག་གི་ཕྱིའི་ཤ་མདོག་དང་གཟུགས་དབྱིབས་ནས་ནད་གཞི་ཡོད་མེད་ཤེས་རྟོགས་དཀའ་བས་རང་ངོས་ནས་གཞན་མཉམ་དུ་ལུས་འབྲེལ་བྱེད་སྐབས་ཡིད་གཟབ་དང་དོགས་ཟོན་ངེས་པར་གནང་དགོས། དེང་སང་འཁྲུག་ཆ་མང་བའི་དུས་ཚོད་དང་དྲ་རྒྱ་སོགས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་ཕན་ཚུན་འབྲེལ་བ་བྱེད་རྒྱུ་སྔར་ལས་སླ་བ་ཡོད་སྟབས་རང་ངོས་ནས་ངེས་པར་དུ་གཟབ་གཟབ་གནང་དགོས།

གཉན་ནད་རེག་དུག་གི་ནད་གཞི་དེ་གཙོ་བོ་ཁྲག་གི་བརྒྱུད་ལམ་ནས་ཕན་ཚུན་འགོས་ཀྱི་ཡོད་པ་དང་། དེ་ཡང་གཉན་ནད་རེག་དུག་གི་ནད་པ་དང་མཉམ་དུ་འགོག་སྲུང་མེད་པར་ལུས་འབྲེལ་བྱས་པ། སྨན་ཁང་དུ་ཁྲག་སོགས་ཕན་ཚུན་བརྟག་དཔྱད་མེད་པར་སྤྱོད་པ། ཕ་མ་ནས་ཕྲུ་གུར་འགོས་པ། སྐྲ་གཞར་ཁང་ནས་འགོས་པ། མཐའ་མ་མྱོས་རྫས་ལོངས་སུ་སྤྱོད་ཆེད་ཁབ་རིགས་ཕན་ཚུན་བེད་སྤྱོད་བྱེད་པ་སོགས་ཀྱི་བརྒྱུད་ནད་འབུ་གཙོ་བོ་འགོས་ཀྱི་ཡོད།

གཉན་ནད་རེག་དུག་གི་ནད་གཞི་གང་འདྲ་བྱེད་ནས་འགོས་ཀྱི་ཡོད་མེད་སྐོར་ཤེས་རྟོགས་བྱུང་ཚེ་རང་ཉིད་ནས་ནད་པར་དབྱེ་འབྱེད་དང་ཚིག་རྩུབ་རིགས་མི་ཡོང་བའི་རེ་བ་ཆེ་བ་དང༌། གཞན་ལའང་གོ་རྟོགས་སྤྲོད་རྒྱུའི་འོས་འགན་འཕར་མ་ཞིག་ཡོང་ཐུབ། གཉན་ནད་རེག་དུག་གི་ནད་དེ་གང་ཟག་ཕན་ཚུན་ཐམ་པ། ཞབས་བྲོ་མཉམ་དུ་འཁྲབ་པ། ཟས་མཉམ་སྤྱོད་དང་། རྩེད་མོ་མཉམ་དུ་རྩེད་བ། མོ་ཊ་ནང་མཉམ་དུ་བསྐྱོད་པ། དུག་སྦྲང་གི་སོ་རྒྱབ་པ། ཧབ་སྦྲིད་དང་གློ་རྒྱག་པ་སོགས་ལས་ནད་དེ་འགོས་ཀྱི་མེད། ནད་པའི་ནང་དུ་ཕྱིན་ནས་སྐད་ཆ་བཤད་པ་དང་། ཕྱིར་འཆམ་འཆམ་བསྐྱོད་པས་ནད་དེ་འགོས་ཀྱི་མེད། གཉན་ནད་རེག་དུག་གི་ནད་གཞི་དེ་གང་འདྲ་བྱས་ནས་འགོས་ཀྱི་ཡོད་མེད་ཤེས་རྟོགས་མེད་པར་ནད་པར་ཞེ་སྣང་དང་ཐེ་ཚོམ་སོགས་ཀྱི་ཚོར་སྣང་བྱུང་བའི་རྐྱེན་གྱིས་ནད་པར་དབྱེ་འབྱེད་བྱས་པའི་གནས་སྟངས་ཡོང་གི་ཡོད། ནད་པར་ཕན་ཐོགས་ན་རབ་དང༌། དེ་མིན་ནད་པར་ཚིག་རྩུབ་དང་གནོད་སྐྱོན་རིགས་ནམ་ཡང་བྱེད་མི་རུང་། ཞེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།