18
Thu, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡ཟླ་༡༠ཚེས་༡༡ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་སོང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ཅིག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བཞག་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩:༣༠་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་སོང་། ཐོག་མར། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་ནི། བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་བོད་མིའི་བདེ་དོན་ལ་གཟིགས་སྐྱོང་བྱེད་རྒྱུ། བོད་ནང་གི་བོད་མིའི་དཀའ་ངལ་སེལ་རྒྱུ་བཅས་རེད། བར་ལམ་ང་ཚོ་གྲོས་ཚོགས་འཚོགས་མ་ཐུབ་ནས་ཟླ་བཞི་ལྷག་པ་རེད། ང་ཚོ་ནང་ཁུལ་ལྷག་བསམ་རྣམ་དག་གིས་ནུས་པ་བཏོན་ནས་གྲོས་བསྡུར་གང་ཡོད་བྱས་ཀྱང་གཅིག་འགྱུར་གྱི་བློ་མཉམ་པ་ཞིག་མ་རྙེད་ནས་བཅའ་ཁྲིམས་དང་པོའི་དགོངས་དོན་ཐོག་ནས་༸གོང་ས་མཆོག་ལ་ཡར་མ་ཞུ་དཀའ་མེད་བྱུང་པ་རེད།

དེ་དང་འབྲེལ་ནས་བར་ལམ་གྱི་གནས་སྟངས་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་དྭངས་གསལ་རྐྱེན་དེ་འདྲ་བྱུང་བ་བཀའ་ཡིག་ནང་གསལ་ཡོད། དེ་ཚོའི་ཐོག་ནས་ང་ཚོས་ཐོལ་བཤགས་ཞུ་རྒྱུ་དང་རྒྱ་ཆེ་མང་ཚོགས་ལ་ཡིན་ནའང་བཟོད་གསོལ་ཞུ་རྒྱུ། མ་འོངས་ལས་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་ཐུབ་པར་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་པའི་ལས་ཀྱི་སྣེ་མོ་བས་གཙོས་རྒྱ་ཆེ་མང་ཚོགས་དང་བཅས་པའི་འགན་འཁུར་བཞེས་དགོས་པའི་གནས་སྟངས་ཆགས་ཡོད་པར་བརྟེན་གྲོས་ཆོད་འདི་གལ་ཆེན་པོ་ཞིག་རྩི་བཞིན་ཡོད།

ང་ཚོའི་གྲོས་ཚོགས་ཀྱི་འགྲོ་སྟངས་ནི་ཕྱོགས་འགལ་ཚོགས་པ་དང་། གཞུང་འཛིན་ཚོགས་པའི་རྣམ་པ་གང་ཡང་ཡོད་མ་རེད། ང་ཚོ་ཡོང་ཁུངས་མི་འདྲ་བ་ཡིན་ཡང་། སྤྱི་འཁོར་འདིའི་ནང་སླེབས་ནས་དམ་བཅའ་ཕུལ་བ་ནས་བཟུང་བོད་མི་སྤྱི་མི་ཆགས་ཀྱི་ཡོད་རེད། མཚམས་རེ་གྲོས་ཚོགས་ནང་དུ་ཆོལ་ཁའི་རྣམ་པ་འདྲ་ཐོན་པ་དང་། ཕྱོགས་འགལ་རྣམ་པ་དེ་འདྲ་ཡོང་གི་འདུག དེ་ཚོ་ཚང་མས་ཐུགས་གཟབ་གནང་དགོས་པ་གལ་ཆེན་པོ་རེད།

ང་ཚོས་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་གནང་ཐུབ་པ་དགོས། ལེགས་པའི་ཆ་འཛིན་སྐྱོང་དང་གྲོས་ཚོགས་སོགས་སུ་གང་ཡོང་བ་ཡིན་ན་དེར་ལེགས་བརྗོད་དང་རྒྱབ་སྐྱོར་གནང་ཐུབ་དགོས་པ་དང་། ཉེས་པའི་ཆ་འཛིན་སྐྱོང་གནང་བ་ཡིན་ན་དེར་ལམ་སྟོན་དང་བྱ་ར་སྟངས་འཛིན་གནང་ཐུབ་དགོས། གྲོས་ཚོགས་སུ་ཉེས་པའི་ཆ་དེ་འདྲ་ཡོང་ན་ལེགས་བཅོས་བྱེད་ཐུབ་དགོས་པ་ང་ཚོའི་འོས་འགན་རེད། ཅེས་སོགས་གསུངས་སོང་།

དེ་ནས་ཚོགས་གཙོ་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག་གནང་སོང་། ཚོགས་གཙོ་ལས་ཚབ་ནི་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་བཅས་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་ནི། སྤྱི་འཐུས་མཁན་པོ་བྱམས་པ་བསྟན་འཛིན། སྤྱི་འཐུས་རྡོ་རྗེ་ཚེ་རྟེན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་བསྟན་འཛིན་འགྱུར་མེད་ལགས་བཅས་ཡིན་པར་གསལ་བསྒྲགས་གནང་སོང་།

དེ་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ཅིག་བཞག་གནང་སོང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་པོ་ནི། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ན་རེ་ཤི་མ་ཐུར(Shri Naresh Mathur Ji)་མཆོག་དང་། གཉིས་པ་སྐུ་ཞབས་དྷ་ཝར་ཀོ་སན་ཌར( Shri Dwarko Sundrani)། གསུམ་པ་རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རབ་ཇི(Mr Soli Sorabjee)། ལག་ནའོ་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཌའོ་གྷུབ་ཏ(Dr Dauji Gupta)། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཅོ་དཱ་རི་ཨ་ཇིཏ་སིགྷ(Chaudhary Ajit Singh)། བོད་མི་མང་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་ཟུར་རྒྱལ་ནོར་ཚེ་དབང་མཆོག བོད་མི་མང་སྤྱི་འཐུས་སྐབས་༦་དང་༧་པའི་སྤྱི་འཐུས་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་སྒྲུབ་གནང་མྱོང་བ་སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་མཆོག ཨེལ་སལ་ཝེ་ཌོར(El Salvador)་རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ཨེལ་ཧྥི་རེ་ཌོ་མར་ཊི་ནེ་ཛི་མོ་རེ་ནོ(Dr Alfredo Martinez Moreno)་བཅས་རེད་འདུག

དེའི་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བཞག་གནང་སོང་། གྲོས་ཆོད་དེའི་ནང་དུ་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་ ། སྐུ་གཤེགས་དམ་པ་ཁོང་རྣམས་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་ཁ་བ་གངས་ཅན་ཞིང་དུ་སྐྱེ་བ་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ་ཞེས་སོགས་བཀོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།