16
Tue, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡ ཟླ་༩ ཚེས་༣༠ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་ཡང་། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་སྲིད་སྐྱོང་མཆོག་གིས་གསུང་དོན། ཕྱི་ལོ་༢༠༢༡ ཟླ་༥ཚེས་༢༣ཉིན། རྒྱ་གཞུང་གིས་བོད་བཅིངས་གྲོལ་བཏང་ནས་ལོ་་༧༠འཁོར་བ་ཞེས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་བཏོན་པ་རེད། དེ་སྔ་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་བཏོན་ཚད་ལ་ང་ཚོའི་ངོས་ནས་ལན་བསྐྱོན་ཡོད། ཡིན་ནའང་། ཕྱི་ལོ་༢༠༡༨ ལོར་ང་ཚོས་ལན་བསྐྱོན་མེད། ད་རེས་ལན་ངེས་པར་དུ་རྒྱག་དགོས་པའི་གནས་སྟངས་ཤིག་མཐོང་བྱུང་། རྒྱ་ནག་གིས་གནད་དོན་ག་འདྲ་ཞིག་ལ་འགྲེལ་བཤད་བྱས་ན་ནའང་རྒྱ་ནག་གི་གོ་བ་ལེན་ཕྱོགས་དང་། ཁོ་རང་ཚོར་ཁེ་ཕན་ཡོད་པ། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་གྱི་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་ཏུ་ཡོད་པའི་རྒྱ་མི་རིགས་ལ་མགོ་སྐོར་གཏང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བསླུ་བྲིད་གཏང་རྒྱུར་དམིགས་ཏེ་བྱེད་བཞིན་པ་ཧ་ཅང་གསལ་པོ་རེད། ཅེས་གསུངས་ཏེ་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་བྱེད་དགོས་པའི་གལ་གནད་ཀྱི་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་ནས་གསུང་དོན། རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་ནས་ལོ་བདུན་ཅུ་ཕྱིན་ཡོད་ཅེས་བཤད་ཀྱིན་ཡོད་པས། ལན་འདེབས་དཔེ་དེབ་འདིའི་འགོ་བརྗོད་དུ་ལོ་བདུན་ཅུའི་བཙན་འཛུལ་དང་ལོ་བདུན་ཅུའི་གདུག་རྩུབ་ཅེས་བཀོད་ཡོད། དེ་སྔ་ཡིན་ནའང་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གཞུང་གིས་འགྲེལ་བཤད་མང་དག་ཅིག་བརྒྱབ་ཡོད་པ་དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་། ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་བའི་བོད་མིའི་ལྟ་སྟངས་ཀྱི་ཐོག་ནས་དངོས་ཡོད་གནས་ཚུལ་ལ་གཞི་བཞག་ནས་གང་ཡིན་པ་གསལ་ཞིང་གསལ་བ་འགྲེལ་བཤད་བརྒྱབ་ཡོད་པ་མ་ཟད། ད་ལྟ་ཡིན་ནའང་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་དག་བསྐྱར་ལྡབ་བྱེད་རྒྱུ་དང་། རྒྱ་ནག་གཞུང་གི་གནས་ཚུལ་གསར་པ་རིགས་མེད་ན། ལོ་རྒྱུས་ཀྱི་གནས་བབ་མང་ཆེ་བ་རང་སོར་གནས་ཡོད། ཅེས་གསུངས་སོང་།

ལན་འདེབས་དཔེ་དེབ་འདིའི་ནང་དུ་། བོད་ནང་དུ་རྒྱ་གཞུང་གི་བཅིངས་གྲོལ་ཞེས་པའི་འབག་གྱོན་ནས་བཙན་འཛུལ་དང་གདུག་རྩུབ་བྱེད་བཞིན་ཡོད་སྐོར་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དང་འབྲེལ་བའི་སྐོར་ནས་འགྲེལ་བཤད་བྱས་ཡོད་སྐོར། འཛུགས་སྐྲུན་ཁ་ལ་ཁྱེར་ནས་གཉའ་གནོན་དང་། དབང་སྒྱུར། བཤུ་གཞོག་བྱེད་བཞིན་པའི་སྐོར། བོད་མི་ཚོ་རྒྱ་ནག་གཞུང་ལ་མ་བརྟེན་ཐབས་མེད་བཟོ་བཞིན་ཡོད་སྐོར་བཅས་བརྗོད་ཡོད་པ་མ་ཟད། ད་དུང་། བོད་མི་འགྲོ་འོང་གི་རང་དབང་ལ་རྒྱ་གཞུང་གིས་སྟངས་འཛིན་བྱེད་བཞིན་པའི་སྐོར་དང་། བོད་ཐོག་ཏུ་འཛིན་པའི་ཤེས་ཡོན་སྲིད་བྱུས་ཀྱི་སྐོར། ཆོས་དད་རང་དབང་ལ་དམ་དྲག་དང་ཆོས་ཕྱོགས་ཀྱི་ལུགས་སྲོལ་སྒྱུར་བཞིན་པའི་སྐོར། སྤྲུལ་སྐུའི་ཡང་སྲིད་ཐག་གཅོད་བྱེད་རྒྱུའི་གནད་དོན་ཐོག་ལའང་འགྲེལ་བཤད་ཆ་ཚང་ཞིག་བརྒྱབ་ཡོད་སྐོར། གཞན་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་བཀོད་ཡོད་སྐོར་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས་ལན་འདེབས་དཔེ་དེབ་འདིའི་དགོས་ཕན་དང་མ་འོངས་པར་མདུན་སྐྱོད་བྱེད་ཕྱོགས་ཀྱི་སྐོར་ནས་གསུང་དོན། མ་འོངས་པར་མདུན་བསྐྱོད་བྱེད་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་འགོ་བཏོན་གནང་བ་ཙམ་ཞིག་མ་ཡིན་པར་མང་ཚོགས་ནས་དེའི་ཐོག་བསམ་ཚུལ་བསྡུ་ལེན་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གཏན་ལ་ཕབ་པའི་སྲིད་བྱུས་འདིའི་ཐོག་ནས། བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ཇི་ལྟར་འགྲོ་དགོས་སྐོར་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་རྒྱ་ནག་གི་སྲིད་བྱུས་ལངས་ཕྱོགས་ལ་ལྟ་སྟངས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་བྱུས་འཛིན་སྟངས་ཇི་ལྟར་ཡིན་པ་དེ་དག་གསལ་པོ་བཟོས་པའི་ཐོག་ནས། ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་དོན་རགས་བསྡུས་ཀྱི་གནས་སྟངས་ལྟ་བུ་ཆགས་ཡོད། རྒྱབ་ཤ་དཀར་པོའི་དཔེ་དེབ་འདི་ཉིད་རྒྱ་ནག་གཞུང་ལ་ལན་འདེབས་ཤིག་དང་། རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་གི་ལས་འགུལ་ཐོག་བརྗོད་གཞི་རེ་རེར་འགྲེལ་བཤད་བརྒྱབ་དགོས་རྒྱུ། ལན་འདེབས་བསྐྱོན་རྒྱུའི་ཐད་ཐུགས་ཕན་གསོ་ངེས་ཡིན། ལྷག་པར་རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས་ཀྱིས་དཔྱད་པ་བྱེད་ས་དང་། ཡང་ན་གཞི་བཅོལ་ཡུལ་གྱི་དཔེ་དེབ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

གཞན་ཡང་། ལན་འདེབས་དཔེ་དེབ་འདི་ཉིད་ལ་འགན་བཞེས་མཁན་དང་། རྩོམ་སྒྲིག་གནང་མཁན། བཀའ་བསྡུར་ཞུ་ས་བཅས་ཀྱི་ཐད་ནས། ཕྱི་དྲིལ་ལས་ཁུངས་ནས་འགན་བཞེས་ཏེ་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། འགན་འཛིན་ཟུར་པ་བསྟན་འཛིན་ལེགས་བཤད་ལགས་རྣམ་གཉིས་ཀྱིས་རྒྱབ་ཤ་དཀར་པོར་ལན་འདེབས་སླད་འགན་འཁུར་ཆེ་བཞེས་གནང་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་རྩོམ་སྒྲིག་གི་འགན་བཞེས་གནང་སྟེ་སློབ་སྟོན་པ་མང་པོ་ཞིག་ལ་བཀའ་འདྲི་དགོངས་སྐོར་དང་།བཀའ་བསྡུར་ཞུས་ཡོད་པ་མ་ཟད། ཟིན་བྲིས་བཟོས་རྗེས་བསྐྱར་ཞིབ་སོགས་ཀྱི་སླད་མང་པོ་ཞིག་ལ་བཀའ་བསྡུར་ཞུས་ཡོད། ལྷག་པར་སྲི་ཞུའི་ལས་བྱེད་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ལ་བཀའ་བསྡུར་ཞུ་དགོས་ཁག་ཞུས་ཏེ་རྒྱབ་ཤ་དཀར་པོར་ལན་འདེབས་གནང་ཡོད་སྐོར་ཡང་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།