25
Thu, Apr

བསྟན་འཛིན་ནོར་གཡང་ལགས། བསྟན་འཛིན་ཚེ་དབྱངས་ལགས། བདེ་སྐྱིད་དཔལ་མོ་ལགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༩ཉིན་སྤེལ། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་མཐོ་སློབ་ཁག་ཏུ་གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་གྲས་ནས་བོད་པའི་བུ་མོ་གསུམ་ལ་ཡིག་རྒྱུགས་གྲུབ་འབྲས་ལེགས་ཤོས་བྱུང་བའི་གསེར་གྱི་གཟེངས་རྟགས་ཐོབ་འདུག

དེ་ཡང་། ཟླ་འདིའི་ཚེས་༧་ཉིན། རྒྱ་གར་ལྷོ་ཕྱོགས་མེ་སོར་མཐོ་སློབ་ཏུ་སྤྱི་དམངས་འཛིན་སྐྱོང་རིག་པའི་གཙུག་ལག་རབ་འབྱམས་པ་གནང་མཁན་བོད་པའི་བུ་མོ་བདེ་སྐྱིད་དཔལ་མོ་ལགས་དང་། ལོ་རྒྱུས་རིག་པའི་གཙུག་ལག་རབ་འབྱམས་པ་གནང་བསྟན་འཛིན་ཚེ་དབྱངས་ལགས་གཉིས་ལ་མཐོ་སློབ་དེས་རྒྱུགས་འབྲས་གཟེངས་བསྟོད་གསེར་གྱི་རྟགས་མ་གནང་ཡོད་འདུག

དེ་བཞིན། ཟླ་སྔོན་མའི་ཚེས་༡༩ཉིན། རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་ (KLE)མཐོ་སློབ་ནས་བོད་པའི་བུ་མོ་བསྟན་འཛིན་ནོར་གཡང་ལགས་ལ་ཚན་རིག་སྨན་ཞབས་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་གཟེངས་བསྟོད་ཀྱི་གསེར་གྱི་གཟེངས་རྟགས་གནང་ཡོད་འདུག

མེ་སོར་མཐོ་སློབ་ཏུ་སྤྱི་དམངས་འཛིན་སྐྱོང་རིག་པའི་ཐོག་སློབ་སྦྱོང་གནང་ནས་གསེར་གྱི་རྟགས་མ་ཐོབ་མཁན་གྱི་སློབ་མ་བདེ་སྐྱིད་དཔལ་མོ་ལགས་ནི། ཕྱི་ལོ་༢༠༠༣ ལོར་བོད་ནས་རྒྱ་གར་དུ་འབྱོར་ཡོད་པ་དང་། སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་གཞི་རིམ་གྱི་སློབ་གཉེར་བྱས་འདུག ཕྱི་ལོ་༢༠༡༨ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་དབྱིན་ཡིག་དང་། སྤྱི་དམངས་འཛིན་སྐྱོང་། གསར་འགོད་རིག་པ། སྤྱི་ཚོགས་འབྲེལ་མཐུད་བཅས་ཀྱི་ཐོག་སློབ་སྦྱོང་བྱས་ནས་རིག་གནས་རབ་འབྱམས་པའི་ལག་ཁྱེར་ཐོབ་འདུག ཕྱི་ལོ་༢༠༢༠ ལོར་མེ་སོར་མཐོ་རིམ་སློབ་གཉེར་ཁང་ནས་སྤྱི་དམངས་འཛིན་སྐྱོང་རིག་པའི་ཐོག་སློབ་སྦྱོང་གནང་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་འདུག

དེ་བཞིན། མེ་སོར་མཐོ་སློབ་ནང་དུ་ལོ་རྒྱུས་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་བསྟན་འཛིན་ཚེ་དབྱངས་ལགས་ནི། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་མེ་སོར་མཐོ་རིམ་སློབ་གཉེར་ཁང་དུ་ལོ་རྒྱུས་ཐོག་སློབ་གཉེར་བྱས་ནས་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག ཁོ་མོས་ལོ་རྒྱུས་སློབ་ཚན་ཐོག་བརྒྱ་ཆ་མཐོ་ཤོས་བླངས་ནས། མཐོ་སློབ་ཀྱི་སློབ་དཔོན་(B Sheik Ali )གྱི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༣ཉིན། རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་ (KLE) མཐོ་སློབ་ནས་སྨན་ཞབས་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་བུ་མོ་བསྟན་འཛིན་ནོར་གཡང་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་ཡིན་པ་དང་། མོན་གྷོ་སམ་བྷོ་ཊ་སློབ་གྲྭ་ནས་གཞི་རིམ་གྱི་སློབ་གཉེར་བྱས་ཤིང་། ཀར་ན་ཊ་ཀ་མངའ་སྡེའི་མཐོ་སློབ་སྨན་ཞབས་མཐོ་སློབ་ཏུ་སློབ་གཉེར་བྱས་ཏེ་ལོ་བཞི་བསྟུན་མར་ཡིག་ཚད་ཀྱི་སྦྱང་འབྲས་ལེགས་ཤོས་བླངས་ནས། ཕུལ་བྱུང་སློབ་མའི་གཟེངས་བསྟོད་གསེར་གྱི་རྟགས་མ་ཐོབ་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།