25
Mon, Oct

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༢༦ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་གི་དགོངས་རྫོགས་ཞེ་དགུའི་སྨོན་ལམ་དང་བསྟུན། ཁུ་ནུ་དང་བོད་དབར་གྱི་འབྲེལ་བའི་ལོ་རྒྱུས་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པ་ཁག་ཅིག་གདན་འདྲེན་ཞུས་ནས་བགྲོ་གླེང་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག བཞུགས་སྒར་རྡ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་གི་དགོངས་རྫོགས་ཞེ་དགུའི་སྨོན་ལམ་དང་བསྟུན། ཁུ་ནུ་དང་བོད་དབར་གྱི་འབྲེལ་བའི་ལོ་རྒྱུས་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པ་ཁག་ཅིག་གདན་འདྲེན་ཞུས་ནས་བགྲོ་གླེང་གནང་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། ཁུ་ནུ་ནི་མི་རིགས་དང་སྐད་ཡིག ཆོས་ལུགས་སོགས་གང་སྤྱི་ཐད་ནས་བོད་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པའི་ཡུལ་ལུང་ངམ་རྒྱལ་ཁམས་ཤིག་ཡིན། དུས་རབས་བཅུ་བདུན་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་དམག་དཔོན་ཆེན་པོ་དགའ་ལྡན་ཚེ་དབང་ལགས་དང་ཁུ་ནུའི་རྒྱལ་པོ་སྐྱེས་སེངྒ་མཆོག་རྣམ་གཉིས་ཀྱིས་མ་ཧཱ་གུ་རུ་ཤཱཀྱ་མུ་ནེ་དཔངས་བཙུག་ནས་མནའ་དམ་མཛད་པ་སྟེ། གངས་རིན་པོ་ཆེའི་དཀར་པོ་གངས་བཞུ་བ་དང་། མ་ཕམ་གཡུ་མཚོའི་ཆུ་སྐམ་པ། བྱ་ཕོ་རོག་ལ་སྐྲ་དཀར་སྐྱེས་པ་མ་གཏོགས། བསྐལ་པ་མ་སྟོང་ཀྱི་བར་དུ་མཛའ་མཐུན་བྱ་རྒྱུའི་ཆོད་དོན་བྱས། དེ་ནས་བཟུང་ཁུ་ནུ་དང་བོད་དང་དབར་གྱི་འབྲེལ་བ་དེ་ལོ་རྒྱུས་རིང་པོར་གཞི་བཞག་ནས་ལྷག་པ་དམ་ཟབ་ཏུ་ཕྱིན་ཡོད་པའི་སྐོར་དེ་རིང་མཁས་དབང་ཁག་གི་གསུང་རྒྱུ་རེད།

ཚང་མས་མཁྱེན་གསལ་ལྟར། ཁུ་ནུའི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་རླབས་ཆེན་པོ་གནང་མཁན་བླ་ཆེན་དང་མཁས་པ་མང་པོ་བྱུང་ཡོད། དཔེར་ན། ༸གོང་ས་མཆོག་གི་ཟབ་ཆོས་ཞུ་སའི་བླ་མ་གཙོ་བོ་སྟེ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ལྟ་བུ་དང་། དེང་རབས་བོད་ཡིག་གསར་ཤོག་ཐོག་མ་འདོན་མཁན་ཡང་ཁུ་ནུ་བ་ཡིན་པ་དང་། བོད་རྩིས་ཀྱི་ལོ་ཐོ་འདོན་མཁན་ལོ་རྒྱུས་ཐོག་བྱུང་མྱོང་ཡོད་ཀྱང་། ཚོང་ཁྲོམ་ནས་འགྲེམས་སྤེལ་བྱས་པ་ནི་ཁུ་ནུ་ལོ་ཐོ་ཞེས་སྐད་གྲགས་བྱུང་བ་དེ་ཕལ་ཆེས་ཐེངས་དང་པོ་ཡིན། ཁུ་ནུ་ལོ་ཐོ་ཐོག་མ་འདོན་པ་ནི་བོད་གཞུང་སྨན་རྩི་ཁང་གིས་ལོ་ཐོ་ལས་འདོན་སྔ་བ་ཡོད་པ་ཡིན། དེ་འདྲའི་ལོ་རྒྱུས་རིང་པོ་གཞིར་བཞག་ཐོག དེ་རིང་ང་ཚོ་འདིར་འཛོམས་པ་དེ་ཐོག་མ་དུས་རབས་བཅུ་བདུན་ནང་བོད་དང་ཁུ་ནུ་དབར་གྱི་ཆིངས་ཡིག་འཇོག་མཁན་རྒྱལ་པོ་སྐྱེས་སེངྒ་མཆོག་གི་རྒྱུད་པ་སྟེ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་ཚེ་ལས་འདས་པར་བློ་ཕམ་དང་ཞེ་དགུ་ཚང་བར་སྨོན་ལམ་དང་མྱ་ངན་གུས་འདུན་ཞུ་བཞིན་ཡོད།

དེ་ཡང་། འདས་པའི་ལོ་དྲུག་གི་རིང་ཚེ་འདས་བློན་ཆེན་ཟུར་པ་མཆོག་གིས་ཆིངས་ཡིག་ནང་འཁོད། བོད་དང་ཁུ་ནུ་མཛའ་བརྩེ་འབྲེལ་མཐུན་དེ་མུ་མཐུད་ནས་རྒྱུན་སྐྱོང་དང་། ལྷག་པར་༸གོང་ས་མཆོག་ལ་སྙིང་ཉེ་ཞིང་། བོད་དོན་རྒྱབ་སྐྱོར་གནང་བ་དང་། བཙན་བྱོལ་བོད་མིར་རོགས་ཕན་བྱས་པ་སོགས་ལོ་རྒྱུས་རིང་པོར་བཀའ་དྲིན་རྗེས་དྲན་དང་། ལྷག་པར་ལོ་རྒྱུས་ཐོག་ཕན་ཚུལ་ཆིངས་ཡིག་གཞི་བཟུང་མཛའ་བརྩེ་འབྲེལ་ལམ་དེ་རྒྱུན་གནས་ཡོང་བར་བཅས་ལ་དམིགས་སྟེ་དེ་རིང་བརྒྱ་མཆོད་དང་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཡིན། དེ་དང་བསྟུན། ཁུ་ནུ་དང་བོད་དབར་གྱི་ལོ་རྒྱུས་དང་དམ་བཅའ་དེ་བཞིན་ཆོས་དང་མི་རིགས། སྐད་ཡིག་སོགས་དམ་ཟབ་ཀྱི་འབྲེལ་བ་ཁག་བོད་ཀྱི་མི་རབས་རྗེས་མ་ཚོས་ཤེས་རྟོགས་དང་མི་བརྗེད་ཡིད་འཛིན་གཏན་པོ་ཡོང་ཆེད། ཞེ་དགུའི་སྨོན་ལམ་དང་བསྟུན། ཁུ་ནུ་བླ་ཆེན་དང་མི་ཆེན། མཁས་དབང་ཁག་གདན་འདྲེན་ཞུས་ནས་དེའི་སྐོར་ངོ་སྤྲོད་ཡོང་བར་གལ་ཆེན་མཐོང་ནས་གོ་སྒྲིག་ཞུས་ཡིན། ཞེས་གསུངས་སོང་།

ཉིན་གཅིག་གི་གཏམ་བཤད་ལས་རིམ་ཐོག བྷ་གཏ་སིངྒ་ཀི་ནོ་རི་ ( Shri Bhagat Singh Kinnaur) ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་གི་ལོ་རྒྱུས་ངོ་སྤྲོད་དང་། སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་གིས་བོད་དང་ཁུ་ནུའི་འབྲེལ་བ་སྤྱི་བཤད། ཤེས་རབ་ཆོས་འཕེལ་ནེ་གི་ལགས་ཀྱིས་དུས་རབས་༡༧ ནང་བོད་དང་ཁུ་ནུའི་དབར་གྱི་ཆིངས་ཡིག་སྐོར། སློབ་དཔོན་སེམས་དཔའ་རྡོ་རྗེ་ལགས་ཀྱིས་ཁུ་ནུའི་ནང་དགེ་ལུགས་དགོན་པ་ཁག་དང་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་འབྲེལ་བའི་སྐོར། ཨ་ཅཱརྱ་རོ་ཤན་ལཱལ་ནེ་གི་ ( Roshan Lal Negi)ལགས་ཀྱིས་ཁུ་ནུའི་ནང་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་དུ་ཡོད་དང་འབྲེལ་བའི་སྐོར། དེ་བཞིན་འབུམ་རམས་པ་བིདྱ་སཱ་གཱར་ནེ་གི་ (Dr. Vidya Sagar Negi) ལགས་ཀྱིས་དེ་སྔ་ཁུ་ནུ་དང་བོད་དབར་ཚོང་འབྲེལ་སྐོར། འབུམ་རམས་པ་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་བོད་དུ་ཁུ་ནུ་ནས་གྲྭ་རྒྱུན་འགྲོ་སྲོལ་དང་སློབ་གཉེར་གནང་སྟངས། དགེ་བཤེས་ཐུབ་བསྟན་རྒྱལ་མཚན་ནེ་གི་ལགས་ཀྱིས་ཕྱི་ལོ་ ༡༩༠༦ ནས་བཟུང་མི་རབས་བཞིས་བཏོན་པའི་གྲགས་ཅན་ཁུ་ནུའི་ལོ་ཐོ་སྐོར། སློབ་དཔོན་རཱ་མེཤ་ཅནྡྲ་མཱ་ཐཱ་སི་(Prof. Ramesh Chandra Mathas) ལགས་ཀྱིས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་མཆོག་གི་རྣམ་ཐར་སྐོར། མཁན་པོ་རཱ་མེཤ་ཅནྡྲ་ལགས་ཀྱིས་ཁུ་ནུ་དང་འབྲེལ་བའིམཚོ་པདྨའི་སྐོར་གཏམ་བཤད་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།