20
Sat, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༡༣ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བཏང་བའི་གསལ་བསྒྲགས་ཤིག་གི་ནང་དུ། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུའི་ཐག་གཅོད་དང་། ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞེས་པ་ཞིག་གསར་འཛུགས་གནང་ཡོད་འདུག

དེ་ཡང་། ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞེས་པའི་ཚོགས་ཆུང་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱུ་ཡིན་འདུག

ཚོགས་ཆུང་དེར་སློབ་སྟོན་པ་གསུམ་དང་ལས་བྱེད་བཞི་བསྐོ་གཞག་གནང་སྐོར་བརྗོད་འདུག སློབ་སྟོན་པ་གསུམ་ནི། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། བཀའ་ཟུར་བསྟན་པ་ཚེ་རིང་ལགས་བཅས་དང་། ལས་བྱེད་བཞི་ནི། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བདེ་སྲུང་གི་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བཀའ་དྲུང་ཡིག་ཚང་ནང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ཡིན་པ་འགྲེལ་བརྗོད་བྱས་འདུག

དེ་ཡང་། བཀའ་ཤག་གི་འཛིན་སྐྱོང་བཀོད་ཁྱབ་ཅེས་པའི་གསལ་བསྒྲགས་ཤིག་གི་ནང་དུ་འཁོད་དོན། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཉིད་ཕྱི་ལོ་ ༡༩༩༨ ལོར་གསར་འཛུགས་བསྐྱངས་པ་ནས་བཟུང་། བཀའ་ཤག་སྐབས་རིམ་པས་མི་འགྲོ་སྣོན་འཇུག་གནང་སྟེ་ད་ཆ་ཚོགས་མི་གྲངས་ ༡༦ ཙམ་ཡོད་འདུག་ཅིང་། ད་ཡོད་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་ལམ་ཕྱོགས་མཐར་བཞུགས་ཏེ། སྤྱི་སྒེར་གྱི་མཛད་ཁུར་ཅི་རིགས་བཞེས་བཞིན་པ་དང་། བཞུགས་སྒར་ཁུལ་གྱི་ཚོགས་མི་རྣམ་པས་ཀྱང་ལས་ཡུལ་དང་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་དང་གནང་མུས་དེ་ཉིད་ལས་དོན་གྱི་ངོ་བོ་དང་མཐུན་པའི་བཅོས་སྒྲིག་དགོས་གལ་ལ་བརྟེན། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་ནས་བཟུང་ད་ཡོད་ཚོགས་ཆུང་ཕྱིར་བསྡུའི་ཐག་གཅོད་དང་སྦྲགས། འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལ་འགན་བསྐུར་བགྱིས་པའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཏེ། ཚོགས་ཆུང་ནས་རྣམ་ཀུན་སྲིད་སྐྱོང་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་དབྱེ་ཞིབ་སྙན་གསན་དང་། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་འཆར་འགོད་ཞུས་ཏེ་འདོན་འབུལ་བྱེད་དུ་འཇུག་རྒྱུ་ཡིན་པ་བཅས་ཀྱི་བཀོད་ཁྱབ་ཏུ། བཀའ་ཤག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ལ།། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།