23
Tue, Apr

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༡༠ཉིན། བཞུགས་སྒར་རྡ་སར་དབུས་དང་ས་གནས་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོ་དང་བསྟུན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མི་གཙོས་མི་ས་ཡ་མང་པོ་ཁྲིམས་འགལ་བཙོན་འཇུག་བྱས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ཁོང་ཚོའི་གནས་བབས་འཐེར་འདོན་བྱེད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠་ཡས་མས་ལ་རྡ་ས་མོག་གྷོན་སྤྱི་ཐང་དུ། དབུས་དང་ས་གནས་བུད་མེད་ལྷན་ཚོགས་ཀྱིས་བོད་ནང་དུ་རྒྱ་གཞུང་གིས་བོད་མི་རྣམས་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་དང་གཏོང་བཞིན་པའི་པར་རིས་འགྲེམས་སྤེལ་བྱས་པ་དང་། ལག་ཏུ་འཕྲེད་དར་བཟུང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག འཕྲེད་དར་དེ་དག་གི་ཐོག་ཏུ། བོད་ནང་དུ་དམར་གསོད་གཏོང་རྒྱུ་མཚམས་འཇོག་དགོས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས། བོད་ནང་མནར་གཅོད་མཚམས་འཇོག་དགོས། ཞེས་བྲིས་འདུག

ཁོ་ཚོའི་བསྒྲགས་གཏམ་ནང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་གྱི་ཉིན་མོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མི་མང་ས་ཡ་མང་པོ་ཁྲིམས་འགལ་བཙོན་འཇུག་བྱས་པ་ཚོར་གདུང་སེམས་མཉམ་སྐྱེད་དང་ཁོང་ཚོའི་གནས་བབས་འཐེར་འདོན་ཡོང་སླད་ཉིན་མོ་དེ་བཞིན་སྲུང་བརྩི་ཞུ་བཞིན་ཡོད། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་དུས་ཡུན་རིང་པོར་གཞིས་ལུས་བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ ཐོབ་ཐང་ཙམ་ལག་བསྟར་བྱས་པར་དབང་ཤེད་ཀྱིས་བཙན་བཟུང་དང་མནར་གཅོད་ཚད་མེད་གཏོང་བ། དབང་མེད་ཀྱིས་གར་སོང་ཆ་མེད་དུ་གྱུར་བཅུག་པ་སོགས་ཀྱིས་གནོད་འཚེ་འཕོག་ཡུལ་དུ་འགྱུར་ཡོད། བཙོན་ཁང་ནང་བཙོན་པ་ཚོར་སྙིང་རྗེ་སྤུ་ཙམ་མེད་པའི་སྡུག་སྦྱོང་ཚད་མེད་བཏང་བ་ལ་བརྟེན་ནས་མང་པོ་ཞིག་བཙོན་ཁང་རང་ནང་འདས་གྲོངས་སུ་གྱུར་བཞིན་ཡོད། བཙོན་འཇུག་བྱས་པའི་གང་ཟག་གི་ནང་མི་ཚོར་བཙོན་འཇུག་གི་སྐོར་ཡང་ན་ཁོང་ཚོའི་དགའ་ཉེ་གར་ཡོད་སྐོར་ཀྱི་གནས་ཚུལ་གང་ཡང་མཁོ་སྤྲོད་བྱེད་ཀྱི་མེད། བཙོན་པ་མང་ཆེ་བར་ཚད་ལས་འགལ་བའི་མནར་གཅོད་མུ་མཐུད་དེ་བཏང་བའི་ཉེར་ལེན་ལས་ཛ་དྲག་མྱུར་སྐྱོབ་འོག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད། ཅེས་བཀོད་འདུག

གཞན་ཡང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལ་བཏོན་པའི་དགོས་འདུན་ཁག་ནི་གཤམ་གསལ་རེད།

༡༽་ ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་གང་ཉིད་ཀྱི་ནང་མི་སྐུ་འཁོར་རྣམས་ཀྱི་གནས་སྟངས་དང་གང་དུ་བཞུགས་ཡོད་མེད་སྐོར་རྒྱ་ནག་གཞུང་ནས་གནས་ཚུལ་ཕྱི་གསལ་ནང་གསལ་གྱི་མཁོ་སྤྲོད་བྱ་དགོས་པའི་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ།

༢༽  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མི་འཛིན་བཟུང་བྱས་པའི་བཙོན་པ་རྣམས་ཀྱི་སྐོར་ཐོ་གཞུང་ཕྱི་གསལ་ནང་གསལ་མཁོ་འདོན་བྱ་རྒྱུར་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ།

༣༽  གཞིས་ལུས་བོད་མི་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱས་པ་ལ་བརྟེན་ནས་ཁྲིམས་འགལ་གྱིས་འཛིན་བཟུང་དང་བཙན་ཤེད་ཀྱིས་འབྲེལ་ལམ་བྱེད་ཐབས་མེད་པའི་བཙོན་འཇུག་བྱེད་པ་སོགས་མཚམས་འཇོག་དགོས་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ།

༤༽  བོད་རིགས་བཙོན་པ་ཚོ་དང་དམིགས་བསལ་བུད་མེད་བཙོན་པའི་གནས་སྟངས་རྟོག་ཞིབ་དང་ཞིབ་བཤེར་བྱེད་ཆེད་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་བོད་ནང་གཏོང་གནང་ཡོང་བ་ཞུ།

༥༽  བཙོན་པ་ཚོར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ཐོབ་ཆེད་མི་མང་དང་གསར་འགོད་མི་སྣ་དབུ་བཞུགས་ཐོག་ཕྱི་གསལ་ནང་གསལ་གྱི་ཁྲིམས་སའི་ཞིབ་དཔྱོད་དགོས་པ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ།

༦༽  རྒྱ་ནག་དམར་ཤོག་གིས་བོད་མི་དང་ཡུ་གུར་བ་ཚོའི་ཆེད་བཙུགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྡོད་སྒར་རྣམས་སྒོ་རྒྱག་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ།

༧༽  གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱས་པ་ཙམ་གྱིས་དྲང་བདེན་མ་ཡིན་པར་ཁྲིམས་འགལ་གྱི་འཛིན་བཟུང་བྱེད་པ། དེ་བཞིན་བཙོན་པ་ཚོར་མི་ཆོས་ལས་འགལ་བའི་གདུག་རྩུབ་གཏོང་མཁན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལག་བསྟར་བྱེད་བཞིན་པའི་ཉེས་ཁྲིམས་ལམ་ལུགས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བསྒྱུར་བཅོས་དགོས་པའི་དགོས་འདུན་འདོན་གྱི་ཡོད། ཅེས་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།