20
Sat, Apr

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༩ ཉིན། རྡ་ས་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་དུ་རྡ་ས་ས་གནས་ཉམས་པ་སླར་གསོའི་དང་བླང་ལས་འགུལ་བ་ཚོས་ཁྲིམས་ཞིབ་པ་ཟུར་པ་གསུམ་ཁྲིམས་ཞིབ་ཁང་ནས་ཐོན་དགོས་པའི་ལས་འགུལ་སྤེལ་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༩ ཉིན། རྡ་ས་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་དུ། ཉམས་པ་སླར་གསོ་ཞེས་པའི་མི་མང་དང་བླངས་ལས་འགུལ་བ་ཉེར་བཞི་ཡིས་ཁྲིམས་ཞིབ་པ་ཟུར་པ་གསུམ་ཁྲིམས་ཞིབ་ཁང་ནས་ངེས་པར་ཕྱིར་ཐོན་དགོས་པའི་ཟས་བཅད་གྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་༢་པའི་ཐོག རྡ་ས་ས་གནས་ཉམས་པ་སླར་གསོའི་དང་བླང་ལས་འགུལ་བ་༢༤་ཡིས་ལག་ཏུ་འཕྲེད་དར་བཟུང་ནས་ཁྲིམས་ཞིབ་པ་ཟུར་པ་གསུམ་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་། འཕྲེད་དར་དེ་དག་གི་ཐོག་ཏུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྩིས་མེད་རྡོག་རོལ་ཏུ་གཏོང་མཁན་གྱི་ཁྲིམས་དཔོན་ཟུར་པ་གསུམ་པོ་འཕྲད་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་མར་ཕེབས་རོགས། ཞེས་དང་། དྲང་བདེན་མེད་ན་ཡིད་ཆེས་མེད། ཡིད་ཆེས་མེད་ན་མཐུན་སྒྲིལ་མེད། མཐུན་སྒྲིལ་མེད་ན་འཐབ་རྩོད་མེད། འཐབ་རྩོད་མེད་ན་བོད་པ་མེད། ཅེས་དང་། ཁྲིམས་ཀྱིས་དབང་བསྒྱུར་ནི་མང་གཙོའི་ཚེ་སྲོག་ཡིན། གང་ཟག་གིས་དབང་བསྒྱུར་ལ་ནམ་ཡང་ངོས་ལེན་མེད། ཅེས་བཀོད་འདུག

ཁོ་ཚོའི་གསར་འགོད་གསར་བསྒྲགས་སུ་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་ཐོག་གྲོས་ཆོད་ཡིག་ཆ་ཨང་༣༩ པ་བཞག་ནས་འཕོ་འགྱུར་བཏང་བ་བཞིན། ཁྲིམས་ཞིབ་པ་རྣམ་པས་ཀྱང་ལས་མཚམས་བཞག འོན་ཀྱང་ཟླ་གཉིས་རྗེས་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས། དེའི་རྐྱེན་གྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་ལ་དོ་ཕོག་དང་། མང་གཙོའི་ཀ་བ་གསུམ་སྦོ་ལུག་པ། བཅའ་ཁྲིམས་རིན་པོ་ཆེར་རྩིས་མེད་རྡོག་རོལ་གྱིས་གང་ཟག་གི་དབང་བསྒྱུར་དུ་སོང་ཞིང་། ནང་ཁུལ་དུ་རྣོ་ངར་ཆེ་བའི་འགལ་ཟླ་འགོ་ཚུགས་ནས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མུ་མཐུད་འབྱུང་བཞིན་པར་བརྟེན། ཞེས་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་བརྗོད་འདུག

ལས་འགུལ་བ་དང་། ས་གནས། ད་དུང་མཚན་རྟགས་ཅི་ཡོད་སོགས་ཀྱི་ཐད་ནས་ཀྱང་གསར་འགོད་གསར་བསྒྲགས་སུ་འཁོད་དོན། འདི་ནས་མི་གྲངས་ ༩༨༦ ཡིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་དང་། མི་གྲངས་ ༣༡༠༦ གིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་བཅས་སྔ་རྗེས་ཕུལ་ཡོད། བཞུགས་སྒར་དྷ་ས་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ། ཧུན་སོར། ཀོ་ལི་གྷལ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་སོགས་སུ་མི་མང་དང་བླང་གི་ཐོག་ནས་ཁྲིམས་ཞིབ་པའི་མིང་ཁུར་བ་རྣམས་ཁྲིམས་ཞིབ་ཁང་ནས་ངེས་པར་ཕྱིར་ཐོན་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད། ཅེས་འགྲེལ་བརྗོད་བྱས་འདུག

ད་དུང་། ཟས་བཅད་ལས་འགུལ་ཡང་སྤེལ་འཆར་ཡོད་སྐོར་འཁོད་དོན། མི་མང་གི་སེམས་ཚོར་ལ་ད་བར་བསམ་ཤེས་གང་ཡང་མ་གནང་བར་བརྟེན། འདི་ག་རྡ་ས་ས་གནས་ཉམས་པ་སླར་གསོའི་མི་མང་དང་བླང་ལས་འགུལ་ཚོགས་ཆུང་གི་ངོས་ནས་ས་གནས་འབྲེལ་ཡོད་གཞུང་དང་། རང་གཞུང་བཅས་ལ་རིམ་པ་བཞིན་བཀའ་འཁྲོལ་ཞུས་ནས། དེ་རིང་ཕྱི་ཟླ་༨ ཚེས་༩ ཉིན་གངས་སྐྱིད་རྒྱལ་སྒོའི་འགྲམ་ནས་དབུ་འཛུགས་ཀྱིས་འཕྲེད་དར་བཤམ་རྒྱུ་དང་། དེ་རིང་ནས་བཟུང་ཟས་བཅད་ལས་འགུལ་ཞིག་ཟླ་འདིའི་ཟླ་མཇུག་བར་སྤེལ་འཆར་ཡོད། ཅེས་གསལ་འདུག

དགོས་འདུན་གཙོ་བོ་ནི། བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་དང་། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ཁྲིམས་ཞིབ་པ་ཟུར་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས། ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མ་བྲལ་བ་དེ་སྲིད་བར་དུ་ང་ཚོའི་ལས་འགུལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་ས་གནས་གང་ས་ནས་ལས་འགུལ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་དྷ་ས་ས་གནས་ཉམས་པ་སླར་གསོའི་དང་བླང་ལས་འགུལ་བ་ཐུན་མོང་ནས། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༩ ཉིན་སྤེལ། ཞེས་དགོས་འདུན་གཙོ་དེ་ལྟར་འཁོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།