25
Mon, Oct

ཡོ་རོབ་ཁུལ་གྱི་སེར་བྱེས་དྲ་ཐོག་སློབ་གྲྭའི་སློབ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༢༧ཉིན། སེར་བྱེས་དྲ་ཐོག་སློབ་གྲྭའི་འབྲེལ་མཐུད་འགན་འཛིན་རྒན་དགེ་བ་བཟང་པོ་ལགས་ཀྱིས་ང་ཚོ་བོད་མི་རིགས་ཉམ་ང་ཉག་ཕྲ་བའི་དུས་ཚོད་འདི་འདྲའི་ནང་བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་བདག་པོ་བརྒྱབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག་གསུངས་སོང་།

སེར་བྱེས་དྲ་ཐོག་སློབ་གྲྭ་ནི་ཁ་རྩང་དེ་རིང་དར་ཁྱབ་ཧ་ཅང་ཆེན་བའི་དྲ་ཐོག་སློབ་གྲྭ་ཞིག་ཆགས་ཡོད་པ་མ་ཟད། འཛམ་གླིང་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་མང་པོས་དགའ་མོས་ཆེ་ཤོས་སུ་གྱུར་འདུག དེ་ཡང་སློབ་གྲྭ་འདི་ཉིད་ཀྱིས་་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་སྟེ་བོད་ཀྱི་སྐད་ཡིག་གི་འཁོར་ཡུག་ཧ་ཅང་ཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གྱར་བའི་རང་རིགས་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་སྐད་བོད་ཡིག་གི་སློབ་སྦྱོང་སྤྲོད་སའི་ཤེས་ཡོན་གི་བསྟི་གནས་ཆེན་པོ་ཞིག་ཡིན་འདུག་པ་མ་ཟད་རིན་མེད་ཀྱི་སློབ་འཁྲིད་གནང་སྟེ་སྤྱི་ཚོགས་ལ་ཞབས་ཞུ་ཆེན་པོ་ཞུ་བཞིན་འདུག

དེང་གི་ཆར་སློབ་གྲྭ་འདི་ལ་ཤེས་ལྡན་དགེ་རྒན་བཅོ་ལྔ་ལྷག་ཡོད་པ་དང། སློབ་ཕྲུག་གྲངས་བཞི་བརྒྱ་ལྔ་བཅུ་ལྷག་ཡོད་འདུག སློབ་ཕྲུག་དེ་དག་ནི་ཨ་རི་དང་ཡོ་རོབ་སོགས་འཛམ་གླིང་རྒྱལ་ཁབ་བཅུ་གསུམ་ནང་ཁྱབ་པའི་བོད་ཕྲུག་སློབ་མ་ཤ་སྟག་ཡིན་པ་མ་ཟད་ཁྱིམ་བདག་ཕ་མ་རྣམས་ཀྱང་ཡ་རབས་བཟང་སྤྱོད་ལྡན་ཞིང་བོད་ཀྱི་སྐད་ཡིག་ལ་དུང་བ་ཅན་ཤ་སྟག་ཡིན་འདུག

སློབ་གྲྭ་འདིས་ལས་རིམ་སྣ་ཚོགས་སུ་སྤེལ་བཞིན་པ་ལས་ཉེ་ཆར་ ༢༠༢༡ སྤྱི་ཟླ་༧ པའི་ཚེས་ ༡༨ ནས་ཚེས་ ༢༥ བར་ཉིན་གྲངས་བརྒྱད་ཀྱི་རིང་འབྲེལ་མཐུད་འགན་འཛིན་རྒན་དགེ་བ་བཟང་པོ་ལགས་ཡོ་རོབ་ཁུལ་སློབ་ཕྲུག་གི་ཕ་མ་ཚོ་དང་ཐུག་འཕྲད་ཀྱི་སྐོར་བསྐྱོད་བྱས་ཏེ་ཤེས་ཡོན་གྱི་ལས་འཆར་དཔེ་དེབ་འགྲེམས་དང་སློབ་གྲྭའི་དམིགས་ཡུལ། སློབ་གྲྭར་ཇི་ལྟར་འཛུལ་ཞུགས་བྱ་ཚུལ་དང་ཕ་མའི་བསམ་ཚུལ་བསྡུ་ལེན་སོགས་བྱས་འདུག སྐབས་དེར་སློབ་ཕྲུག་དང་ཕ་མ་རྣམ་པས་དགའ་སྣང་ཆེན་པོ་གནངས་ཡོད་པ་མ་ཟད་སློབ་གྲྭའི་དགེ་ལས་ཀུན་ལ་ཐུགས་རྗེ་ཆེ་མང་པོ་ཞུས་ཏེ་ང་ཚོའི་བུ་ཕྲུག་རྣམས་ལ་ཕན་ཐོག་ཆེན་པོ་ཡོང་གི་ཡོད་ལུགས་སོགས་ཀྱིས་རང་མི་རིགས་ལ་ཕན་པའི་རླབས་ཆེན་གྱི་བྱ་བ་ལ་ཡི་རངས་དང་རྒྱབ་སྐྱོར་ཆེན་པོ་བྱས་འདུག

སེར་བྱེས་དྲ་ཐོག་སློབ་གྲྭའི་འབྲེལ་མཐུད་འགན་འཛིན་རྒན་དགེ་བ་བཟང་པོ་ལགས་ལ་སེར་བྱེས་དྲ་ཐོག་སློབ་གྲྭ་འདི་དམིགས་བསལ་དར་ཁྱབ་ཆེན་པོ་དང་ལས་དོན་ཚགས་ཤིང་ཚུད་པ་ཆགས་ཐུབ་དོན་གང་རེད་ཅེས་འདྲི་སྐབས། ཁོང་གིས་གསུང་དོན། སེར་བྱེས་མཁན་རིན་པོ་ཆེའི་ཐུགས་སྨོན་དང་ཕྱག་མཛོད་རྣམ་པས་ཐུགས་ཁུར་རྒྱབ་སྐྱོར། དེ་བཞིན་སློབ་གྲྭའི་འགན་འཛིན་སོགས་དགེ་རྒན་དང་ལས་བྱེད་རྣམ་པས་ངལ་བ་འཛེམ་མེད་གནང་བའི་གྲུབ་འབྲས་ལས་འདི་ལྟར་མིག་དཔེ་འོས་པ་ཆགས་པ་རེད། ཅེས་གསུངས་སོང་།

ད་དུང་ཁོང་གིས་ང་ཚོ་བོད་མི་རིགས་ཉམ་ང་ཉག་ཕྲ་བའི་དུས་ཚོད་འདི་འདྲའི་ནང་བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་བདག་པོ་བརྒྱབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག་གསུངས་སོང་།

བོད་ཡིག་རྩོམ་སྒྲིག་པ་སེར་བྱེས་བྱམས་པས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།