19
Fri, Apr

གངས་སྐྱིད་དུ་རྡ་ས་ས་གནས་དྭངས་བླངས་བོད་མི་ཁག་ཅིག་གིས་ཁྲིམས་ཞིབ་ཟུར་པ་གསུམ་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ། པར། བརྒྱུད་ལམ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡ཟླ་༧་ཚེས་༡༢་ཉིན། གངས་སྐྱིད་དུ་རྡ་ས་ས་གནས་དྭངས་བླངས་བོད་མི་ཁག་ཅིག་གིས་ཁྲིམས་ཞིབ་ཟུར་པ་གསུམ་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར། ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མ་བྲལ་གྱི་དེ་སྲིད་བར་དུ་ང་ཚོའི་ལས་འགུལ་ལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་བརྗོད་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་པའི་ཐོག གངས་སྐྱིད་དུ་རྡ་ས་དྭངས་བླངས་བོད་མི་ཁག་ཅིག་གིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རྡོག་རོལ་གཏོང་མཁན་ཁྲིམས་རྫུན་གསུམ་ལ་དུས་ནམ་ཡང་ངོས་ལེན་མེད། ཁྲིམས་ཞིབ་པའི་ཞབས་ཀྱག་ད་ལྟར་རང་སྟོང་པ་བཟོས་དགོས། ཞེས་པའི་འཕྲེད་དར་ལག་ཏུ་བཟུང་སྟེ་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མར་ཐོན་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

ཁོང་ཚོའི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་དུ་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་བ་ཆེ་བ་དང་ ། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་ཚད་མཐོའི་མང་མོས་ཐག་གཅོད་ཡིག་ཆ་ཨང་༢༩ པའི་ལམ་ནས་འཕོ་འགྱུར་བཏང་ཟིན་ཡང་ ། ལས་མཚམས་བཞག་ནས་ཟླ་བ་གཉིས་ཙམ་སོང་རྗེས་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་ཁྲིམས་དང་སྒྲིག་གཞི། ལམ་དང་ལུགས་སྲོལ་གང་ཡང་མ་བརྒྱུད་བར་མི་མང་གི་མངོན་འདོད་ཡིན་ཚུལ་གླེང་སྟེ་ལས་གནས་སུ་ཕྱིར་ལོག་བྱས་པར་ཁྲིམས་མཐུན་གྱི་གནས་བབ་གང་ཡང་མེད་པར་བརྟེན་དུས་ནམ་ཡང་ངོས་ལེན་ཞུ་ཐབས་མེད།

དེས་རྐྱེན་གྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་སྤྱི་དང་ ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཡོངས། མང་གཙོ་ཀ་བ་གསུམ་ཀ་ཡོངས་སུ་སྦོ་ལུགས་པ། བཅའ་ཁྲིམས་རིན་པོ་ཆེར་རྩིས་མེད་རྡོག་རོལ་གྱིས་གང་ཟག་གིས་དབང་བསྒྱུར་དུ་སོང་བ། ྋགོང་ས་མཆོག་གིས་གསོལ་བསྩལ་གནང་བའི་ཡང་དག་པའི་མང་གཙོའི་སྲོལ་བཟང་རྩ་བརླག་ཏུ་འགྲོ་ཉེན་ཡོད་པ། འདེམས་ཐོན་སྲིད་སྐྱོང་མཆོག་གིས་ཁྲིམས་མཐུན་གྱིས་དམ་འབུལ་ཞུ་མ་ཐུབ་པ། སྐབས་༡༧ པའི་སྤྱི་འཐུས་རྣམ་པས་དམ་བཅའ་ཁག་གཉིས་མི་ཕུལ་ཀ་མེད་ཆགས་པ། ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་མང་གཙོ་ཀ་བ་གསུམ་ཀའི་མཛད་གཙོ་ཆ་ཚང་མེད་པར་སྲུང་བརྩི་ཞུ་དགོས་བྱུང་བ། ཐ་ན་རང་ལུས་ཚུན་ཆད་མེ་སྲེག་བཏང་དགོས་བྱུང་བ་སོགས་དགྲ་དགའ་གཉེན་སྡུག་གི་ལས་ཇི་སྙེད་ཅིག་སྔར་བྱུང་མྱོང་ལྟ་ཞོག་བློ་ཡུལ་དུ་གཤོངས་དཀའ་བ་མང་པོ་མངོན་སུམ་དུ་བྱུང་དང་འབྱུང་མུས་ཡིན་པ།

མང་གཙོའི་ལམ་ལུགས་ནང་གཞུང་འཛུགས་མཁན་མི་མང་ཡིན་ལ། གཞུང་གི་བདག་པོའང་མི་མང་ཡིན། གཞུང་སྐྱོང་མཁན་ཡང་མི་མང་ཡིན་ཞེས་པའི་བསྡོམས་ཚིག་ཅིག་ཡོད་པ་བཞིན་༧གོང་ས་མཆོག་གིས་སྐུ་གཞོན་ནུའི་དུས་ནས་སྤྱིར་འཛམ་བུ་གླིང་དང༌། སྒོས་སུ་བོད་གངས་ཅན་པ་ཁོ་ནའི་ཆེད་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་ཚད་མེད་བསྐྱོན་གནང་མཛད་དེ་མང་གཙོའི་ལམ་བཟང་ཆ་ལག་ཚང་བ་ཞིག་གསོལ་བསྩལ་གནང་ཡང་ཁྲིམས་ཞིབ་པ་ཟུར་བ་གསུམ་གྱིས་བཀའ་དགོངས་ཇི་བཞིན་འགྲུབ་རེ་མེད་པ་བཟོས་ཙང་ནམ་ཡང་ངོས་ལེན་ཞུ་ཐབས་བྲལ་བ་སོང་ལས་འགུལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན།

ང་ཚོའི་དགོས་འདུན་ནི་ཁྲིམས་ཞིབ་པ་ཟུར་པ་གསུམ་པོ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་བཀྱག་གསུམ་ཀ་སྟོང་པ་བཟོ་སྟེ་སྔར་ལམ་བཞིན་མང་གཙོ་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་འདི་སྲ་བརྟན་ཡོང་རྒྱུ་ཁོ་ནའོ།། མདོར་ན་ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མ་བྲལ་གྱི་དེ་སྲིད་བར་དུ་ང་ཚོའི་ལས་འགུལ་ལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་བཀོད་འདུག

རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒལ་དོན་ལྡན་གླིང་གཞིས་ཆགས་དང་རྒྱ་གར་བྱང་ཕྱོགས་མཚོ་པདྨ་བཅས་ལ་ཕྱོགས་མཚུངས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

གཞན་ཡང་། ཟླ་སྔོན་མའི་ཚེས་༢༧ཉིན། ཁྲིམས་ཞིབ་པ་ཟུར་པ་གསུམ་ཁྲིམས་མཐུན་བརྒྱུད་ལམ་གང་ཡང་མ་བརྒྱུད་པ་ལས་གནས་སུ་ཕྱིར་ལོག་བྱས་ཡོད་པར། བཙན་བྱོལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་༢༠༠༠་ལྷག་གིས་ངོ་ལེན་མེད་པའི་ས་ཡིག་བརྒྱབ་སྟེ། བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ལ་སྙན་ཞུ་ཞིག་ཕུལ་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།