19
Fri, Apr

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༦ཉིན། བོད་མིའི་སྒྲིག་འཛུགས་ཀྱིས་སྐུའི་འཁྲུངས་སྐར་གྱ་དྲུག་པ་སྲུང་བརྩི་ཞུ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༦ཉིན། བཞུགས་སྒར་རྡ་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བོད་གཞུང་མང་གཉིས་ནས་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་གཞུང་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་གནང་སོང་། སྐབས་དེར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་སོགས་ཕེབས་གནང་འདུག

མཛད་སྒོ་དེའི་ཐོག ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གྱི་གསུང་འཕྲིན་དང་། བོད་ཀྱི་བླ་ཆེན་རྣམས་ཀྱིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་བརྙན་ཐུང་བསྟན་གནང་སོང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་གཞས་པ་དང་གཞས་མ་རྣམས་ཀྱིས་གླུ་གཞས་བཏང་གནང་སོང་།

དེའི་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་གྲངས་ ༦ ལ་ལས་བྱེད་འདེམས་ལྷན་ནས་ལེགས་གསོའི་གཟེངས་རྟགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ལས་དོན་གཟེངས་འཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ཁོངས་ནས་ནང་སྲིད་ཁྱབ་ཁོངས་མོན་གྷོ་ས་གནས་འགོ་འཛིན་དྲུང་གཞོན་ཆུ་བསམ་ལྷག་པ་ཚེ་རིང་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནས་ནང་སྲིད་ཁྱབ་ཁོངས་ལྡི་ལི་ས་གནས་འགོ་འཛིན་སྡེ་འགན་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ལ་ལག་འཁྱེར་གནང་སོང་།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐབས་མཁས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་ཐུགས་སྣང་གཤིན་པ་དང་། བོད་མི་རིགས་ངོས་འཛིན་གྱི་འདུ་ཤེས་གཅིག་གྱུར་འདི་ལྟ་བུ་ཞིག་བོད་སིལ་བུ་ཐོར་བ་ནས་བཟུང་བྱུང་མྱོང་མེད་པ་ཞིག་ཡིན། རང་ཅག་བཙན་བྱོལ་བ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་གསུང་ཆོས་ཞུས་མ་མྱོང་མཁན་ཞིག་ཡོད་མི་སྲིད་པ་ལྟ་བུ་ཡིན་པས། ༸གོང་ས་མཆོག་ལ་རྩ་བའི་བླ་མའི་འདུ་ཤེས་འཛིན་གྱི་ཡོད་པ་དང་། བླ་མར་བསྟེན་ཚེ་བླ་མའི་བཀའ་བརྩི་དགོས་པ་དང་། བླ་མའི་བཀའ་བསྒྲུབ་པ་ལ་དགོངས་གཞི་རྟོགས་དགོས་ཤིང་། དགོངས་གཞི་རྟོགས་ནས་ཉམས་ལེན་ཞུ་རྒྱུ་གནད་ཀྱི་དོན་པོ་ཡིན་པས། བཀའ་དགོངས་བཞིན་སྤང་བླང་མ་འཛོལ་བ་བྱ་རྒྱུ་གལ་ཆེན་པོ་ཡིན།

ཡངས་པའི་འཇིག་རྟེན་སྤྱི་དང་བྱེ་བྲག་བོད་མིའི་འཕྲལ་ཕུགས་ཀྱི་ཕན་བདེ་མཐའ་དག །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བརྩེ་ཆེན་མཛད་འཕྲིན་དང་། སྐུ་ཚེ་བསྐལ་བརྒྱར་རྟག་ཏུ་བརྟན་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ལ་སློབ་སྦྱོང་དང་ཉམས་ལེན་ཚུལ་བཞིན་ཞུས་ཏེ། ལྷ་དགོངས་འཁྲུག་གཞིའི་ལས་ངན་མི་གསོག་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དོན་མེད་ཁ་འཛིང་དང་། ཕྱོགས་རིས་འཐེན་འཁྱེར་མི་བྱེད་པར་སྤྱི་ཚོགས་བདེ་དོན་ལ་བསམ་ཤེས་དང་། ད་ལྟའི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འོག །བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གསེར་ལྟ་བུའི་གོ་སྐབས་དམ་འཛིན་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་རས་དུས་རྟག་ཏུ་ཡིད་ལ་ཤར་བའི་ཐོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན་པ་གདོན་མི་ཟ་བས། རང་ཅག་ཚང་མས་ཁེ་ཉེན་དགེ་སྡིག་གི་སྤང་བླང་ཚུལ་བཞིན་གནང་སྐྱོང་གི་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གཞན་ཡང་། རྡ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་ལྔ་ཡིས་ལྷ་རྒྱ་རིར་སྐུའི་འཁྲུངས་སྐར་གྱ་དྲུག་པ་སྲུང་བརྩི་ཞུས་ཡོད་པ་དང་། དེའི་རྗེས། རྒྱ་གར་བ་གཙོས་པའི་མི་མང་ལ་ཟས་གྱི་སྦྱིན་པ་བཏང་གནང་འདུག ད་དུང་། བོད་མི་རྣམས་ཀྱིས་ཤིང་སྡོང་དང་། མེ་ཏོག་བཙུགས་པ་སོགས་ཀྱི་སྐུའི་འཁྲུངས་སྐར་དུས་ཆེན་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུས་འདུག

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།