18
Thu, Apr

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༧་ཚེས་༦ཉིན། སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཟུང་འབྲེལ་ཟབ་པ་དང་རྒྱ་ཆེའི་གནད་ཐམས་ཅད་འདུས་ཡོད་པ་འདི་ལ་ཐོག་མར་ཐོས་བསམ་སློབ་གཉེར་བྱོས། ཐོས་དོན་རྒྱུད་ལ་སྦྱར་ནས་ཐོག་མར་བསམ་བྱུང་གི་ངེས་པ་རྙེད་པ་ཞིག་དང་། དེ་ནས་ཐོས་དོན་སྒྲུབ་ལ་གཞོལ་ནས་ཉམས་མྱོང་སྐྱེ་བ་ཞིག་ངོས་ཀྱི་གྲོགས་པོ་ཚང་མས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༦ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་གསུང་འཕྲིན་ཞིག་གནང་ཡོད་པའི་ནང་དུ། ང་ཚོ་ལས་དང་སྨོན་ལམ་གྱིས་འབྲེལ་བའི་བོད་རིགས་སེར་སྐྱ་མི་མང་ཚོར་ཞུ་རྒྱུར། ངོས་རང་བོད་གངས་ཅན་གྱི་ལྗོངས་ལ་སྐྱེས་པ་དང་། ནང་གསེས་ཀྱིས་མདོ་སྨད་དང་དེའི་ནང་ཚན་གྱི་ཟི་ལིང་ཁུལ་དུ་སྐྱེས་ཤིང་། ངོས་ཀྱིས་ནམ་རྒྱུན་ཕྱེད་བདེན་ཕྱེད་རྩེད་མོ་དང་སྦྲགས་རྗེ་རིན་པོ་ཆེ་ཟི་ལིང་ནས་འཁྲུངས་པ་རེད། རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད་ཅེས་བརྗོད་བཞིན་ཡོད།

གང་ལྟར་སྐྱེས་ས་ཧ་ཅང་ས་ཆ་ཁུག་ཀྱོག་ཅིག་ལ་སྐྱེས་པ་དང་། ས་ཁུལ་དེ་ཁ་ཆེའི་དམག་གི་དཔོན་པོ་ཞིག་གི་དབང་འོག་ཏུ་རེད། ཁོས་ངོས་ལ་ཧ་ཅང་དགའ་པོ་བྱེད་པ་རེད། སྐབས་རེར་ངོས་ཀྱི་རྩེད་མོ་དང་སྦྲགས་ནས་ངོས་རང་ཏཱ་ལའི་བླ་མའི་ཡང་སྲིད་དུ་དང་པོ་ངོས་འཛིན་མཁན་ཟི་ལིང་མ་པུའུ་ཧྥང་རེད་ཅེས་བཤད་ཀྱི་ཡོད། མ་པུའུ་ཧྥང་གིས་ཨ་མ་ལགས་ལ་རང་གི་ཕྲུ་གུ་འདི་ལ་མིག་མི་འདྲ་བ་ཞིག་འདུག བྱེད་སྟངས་ཀྱང་མི་འདྲ་བ་ཞིག་འདུག བོད་གཞུང་གིས་༸རྒྱལ་བའི་ཡང་སྲིད་གསལ་བསྒྲགས་བྱས་ཡོད་པ་མ་རེད་དེ། ངས་བལྟས་ན་འདི་ཏཱ་ལའི་བླ་མའི་ཡང་སྲིད་རེད་ཅེས་བཤད་པའི་གནས་ཚུལ་ཞིག་བྱུང་བ་རེད།

གང་ལྟར་སྐྱེས་ས་ཕ་ཡུལ་ཐག་རིང་པོ་ཞིག་ལ་སྐྱེས། རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་ཆགས་ཡོད་པ་རེད། རྗེ་རིན་པོ་ཆེ་ཁོང་གིས་ཀྱང་། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་བཞིན་ངོས་ཀྱིས་ཀྱང་རྗེ་རིན་པོ་ཆེའི་རྣམ་ཐར་དེ་ནང་བཞིན་ལག་ལེན་སྐྱེལ་བསམ་པ་དྲན་བཞིིན་ཡོད། མང་དུ་ཐོས་པ་དང་། ཐོས་དོན་སྒྲུབ་ལ་བརྩོན་པ་དེ་གཉིས་རྗེ་རིན་པོ་ཆེའི་རྣམ་ཐར་གཙོ་བོ་རེད།

ཆོས་ཕྱོགས་ཀྱི་ཐོག་ནས་རྒྱུ་མཚན་མང་པོ་ཡོད་པ་རེད་དེ་སྤྱིར་བཏང་མི་ཞིག་ཡིན་པའི་ངོས་ནས་བཤད་པ་ཡིན་ན་ངོས་རང་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་རེད། རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་སའི་བར་རྟ་ཞོན་ནས་སོང་ན་ཆུ་ཚོད་གསུམ་བཞི་མ་གཏོགས་འགོར་གྱི་མ་རེད། ཧ་ཅང་ཐག་ཉེ་བོ་རེད། དེར་བརྟེན་ཕ་ཡུལ་གཅིག་པའི་ཞེན་ཁོག་བྱས་ཏེ་རྗེ་རིན་པོ་ཆེས་རྟོགས་བརྗོད་འདུན་ལེགས་མའི་ནང་དུ་ཇི་ལྟར་གསུངས་པ་ནང་བཞིན་ངོས་རང་དེ་ལྟར་རྣམ་ཐར་ལ་བསླབ་བསམ་པ་དྲན་བཞིན་ཡོད། འདི་དེ་རིང་བོད་རིགས་ཚོར་ངོས་ཀྱི་སྐྱེས་སྐར་གྱི་དུས་ཚོད་ལ་ངོས་ཀྱིས་ཕྱག་རྟགས་ཤིག་ཡིན།

གཉིས་ནས་ངོས་རང་ལ་ཞེ་ཐག་པ་ནས་སྙིང་ཉེ་བའི་བློ་ཅན་ཚང་མས་ད་ལྟ་ངོས་ཀྱིས་བཤད་པ་བཞིན་གང་ལྟར་ཐོས་དོན་སྒྲུབ་ལ་གཞོལ་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་མཇལ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་དང་མཇལ། གང་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཟུང་འབྲེལ་ཟབ་པ་དང་རྒྱ་ཆེའི་གནད་ཐམས་ཅད་འདུས་ཡོད་པ་འདི་ལ་ཐོག་མར་ཐོས་བསམ་སློབ་གཉེར་བྱོས། ཐོས་དོན་རྒྱུད་ལ་སྦྱར་ནས་ཐོག་མར་བསམ་བྱུང་གི་ངེས་པ་རྙེད་པ་ཞིག་དང་། དེ་ནས་ཐོས་དོན་སྒྲུབ་ལ་གཞོལ་ནས་ཉམས་མྱོང་སྐྱེ་བ་ཞིག་ངོས་ཀྱི་གྲོགས་པོ་ཚང་མས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།