23
Fri, Jul

སྐབས་བཅུ་བདུན་པའི་ཆོས་བརྒྱུད་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

 "བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད།" ཅེས་སྐབས་བཅུ་བདུན་པའི་ཆོས་བརྒྱུད་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཀོད་གནང་འདུག

དེ་ཡང་། ཟླ་འདིའི་ཚེས་༡༢་ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདུན་ནས་སྐབས་བཅུ་བདུན་པའི་ཆོས་བརྒྱུད་སྤྱི་འཐུས་དང་། མདོ་སྟོད་སྤྱི་འཐུས་ཐུན་མོང་ནས་གསར་འགོད་བསྒྲགས་ཤིག་སྤེལ་གནང་སོང་། ཐུན་མོང་གི་གསར་འགོད་གསལ་བསྒྲགས་ནང་དུ། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད། ཅེས་དང་། 

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༧ པའི་དགོངས་དོན་བར་བརྒལ་ཚོགས་གཙོ་ཞེས་པ་ནི། སྤྱི་འཐུས་རེ་རེས་ལས་ཁུར་དུ་མ་ཞུགས་གོང་དམ་འབུལ་ཞུ་ཡུལ་ཙམ་ལས་གཞན་ལས་དོན་བྱེད་ཆོག་པའི་ཐོབ་ཐང་བཅའ་ཁྲིམས་ཀྱི་ཚིག་དོན་གང་དུའང་གསལ་མེད་ནའང་། ཟླ་བ་ཚེ་རིང་གིས་སྔར་མེད་གསར་སྤྲོས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཤོག་བེད་སྤྱོད་བཏང་སྟེ་ཡི་གེ་འདྲ་མིན་བཏང་དང་གཏོང་བཞིན་པ་རྣམས་ནི། ཁྲིམས་སྒྲིག་དང་ལམ་ལུགས་གང་དུའང་བྱེད་སྲོལ་རྩ་བ་ནས་མེད་པ་མ་ཟད། ཕྱོགས་གཅིག་གི་བྱེད་ཕྱོགས་འདིའི་རྐྱེན་པས་སྤྱི་ཚོགས་ནང་བདེན་རྫུན་གོ་འཛོལ་ཐོག་བརྡབ་གསིག་དང་། ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་གང་བྱུང་བའི་འགན་ཆ་ཚང་ཟླ་བ་ཚེ་རིང་གིས་ཁུར་དགོས། ཞེས་བཀོད་འདུག

སྐབས་བཅུ་བདུན་པའི་ཆོས་བརྒྱུད་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ཐུན་མོང་གི་གསལ་འགོད་གསལ་བསྒྲགས་ཆ་ཚང་ནི་གཤམས་གསལ།

༄༅།། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༨ ཉིན་གཞུང་འབྲེལ་ལས་རིམ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའ་ཞུས་ཟིན་ཀྱང། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གིས་དབུས་འོས་བསྡུ་ལས་ཁང་དུ་མི་གྲངས་ ༢༡ ཁོ་ནའི་མིང་གཞུང་ཕུལ་བ་དང༌། འོས་བསྡུའི་འགན་འཛིན་གྱིས་དེ་ལ་ཁ་གཡར་ནས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱ་རྒྱུ་མཚམས་འཇོག་བྱས། དེ་བཞིན་ཟླ་བ་ཚེ་རིང་གིས་བར་བརྒལ་ཚོགས་གཙོའི་མིང་ཁུར་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཤོག་བེད་སྤྱོད་བཏང་སྟེ་སྤྱི་ཚོགས་ནང་དཀྲོག་རྐྱེན་མང་དག་ཅིག་བཟོ་བཞིན་པ་དང་འབྲེལ་བའི་ཐོག་ནས་གསལ་བསྒྲགས་ཞུ་རྒྱུར།

༡༽ སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་འཚོག་རྒྱུར་ཆེད་དུ་འགལ་རྐྱེན་བཟོས་ནས་ཁྲིམས་སྒྲིག་ལ་བསྐྱར་བཅོས་མ་ཐུབ་པ་དང༌། བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་བཞིན་དམ་འབུལ་ཞུ་རྒྱུའི་ལམ་ཁ་ཡོངས་སུ་འགག་ཟིན་པས། དེའི་དགོངས་དོན་བཞིན་དམ་འབུལ་ཞུ་ལམ་གཏན་ནས་མེད་པ་མ་ཟད། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་དེ་དག་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས་པ་རྣམས་ཁྲིམས་ཞིབ་པར་བརྩི་བཀུར་བྱས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ་ཞིག་ཏུ་གྱུར་ཡོད།

༢༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་བར་བརྒལ་ཚོགས་གཙོ་ཞེས་པ་ནི། སྤྱི་འཐུས་རེ་རེས་ལས་ཁུར་དུ་མ་ཞུགས་གོང་དམ་འབུལ་ཞུ་ཡུལ་ཙམ་ལས་གཞན་ལས་དོན་བྱེད་ཆོག་པའི་ཐོབ་ཐང་བཅའ་ཁྲིམས་ཀྱི་ཚིག་དོན་གང་དུའང་གསལ་མེད་ནའང༌། ཟླ་བ་ཚེ་རིང་གིས་སྔར་མེད་གསར་སྤྲོས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཤོག་བེད་སྤྱོད་བཏང་སྟེ་ཡི་གེ་འདྲ་མིན་བཏང་དང་གཏོང་བཞིན་པ་རྣམས་ནི། ཁྲིམས་སྒྲིག་དང་ལམ་ལུགས་གང་དུའང་བྱེད་སྲོལ་རྩ་བ་ནས་མེད་པ་མ་ཟད། ཕྱོགས་གཅིག་གི་བྱེད་ཕྱོགས་འདིའི་རྐྱེན་པས་སྤྱི་ཚོགས་ནང་བདེན་རྫུན་གོ་འཛོལ་ཐོག་བརྡབ་གསིག་དང༌། ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་གང་བྱུང་བའི་འགན་ཆ་ཚང་ཟླ་བ་ཚེ་རིང་གིས་ཁུར་དགོས།

༣༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་དང་པོའི་དགོངས་དོན་བཞིན། འོས་བསྡུའི་སྒྲིག་གཞི་ལེའུ་ལྔ་པའི་ནང་གསལ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱ་རྒྱུ་འོས་བསྡུ་ལས་ཁང་གི་ལས་འགན་ཡིན་པ་ལས། ཕྱོགས་གཅིག་ཁོ་ནར་བབས་བསྟུན་གྱིས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུ་མཚམས་འཇོག་བྱས་པ་དང༌། གཞན་ལ་ཁག་དཀྲི་དང་ལས་འགན་གཡོལ་ཐབས་ཁོ་ན་བྱས་ནས་ཉིན་འགྱང་ཞག་ཕུད་དུ་མ་སོང་བར་འགན་ཁུར་ངེས་པར་དུ་བཞེས་དགོས། ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་གཉིས་རང་གནས་སུ་ལོག་ཟིན་པ་དང༌། ང་ཚོ་ཡང་མུ་མཐུད་འདི་ལྟར་བསྡད་ན་སྒྲིག་འཛུགས་ཀྱི་འགྲོ་སོང་དང༌། རང་ངོས་ནས་དུས་ཚོད་ཆུད་ཟོས་ཁོ་ན་ལས་མེད་པར་ཡུན་རིང་ངང་སྒུག་བྱེད་ཐབས་མེད་པའི་གནས་སུ་གྱུར་ཡོད།

༤༽ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཕན་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༢ པའི་དགོངས་དོན་བཞིན། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན། མདོ་སྟོད་ཆོལ་ཁ་བཅས་ཀྱི་སྤྱི་འཐུས་རྒྱུན་ལས་ཀྱི་མི་འགྲོ་གཏན་ཁེལ་བྱས་ཟིན་པ་ཡིན།

༥༽ འོས་བསྡུའི་འགན་འཛིན་སར་བཅར་སྐབས་ཕྱི་ཚེས་ ༨ ཉིན་དམ་འབུལ་ཞུས་པའི་ཡིག་ཆ་རྣམས་ཚད་ལྡན་འདུག་ཅེས་གསུངས་པ་ལྟར། ད་ལྟའི་གནས་བབ་ཀྱི་ཐོག་ནས་ཕྱོགས་གཉིས་ཀ་ངོས་འཛིན་ཡིན་མཉམ་དང༌། ཡང་ན་མིན་མཉམ་དགོས་པ་ལས་བཅའ་ཁྲིམས་དོན་ཚན་ ༤༧ གྱི་གནས་བབ་ལུང་འདྲེན་བྱས་པ་གཅིག་པུས་དཀའ་རྙོག་འདི་སེལ་དཀའ་བ་ས་རིས་ཐང་གསལ་ཡིན་པ་ངོས་འཛིན་གསལ་པོ་ཐུབ་དགོས། སླད་མར་འོས་བསྡུ་ལས་ཁང་ནས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་དུས་ཚོད་ག་དུས་གཏན་ཁེལ་བྱས་ཀྱང༌། དུས་ཐོག་བཅར་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ།

སྐབས་བཅུ་བདུན་པའི་ཆོས་བརྒྱུད་སྤྱི་འཐུས་དང༌། མདོ་སྟོད་སྤྱི་འཐུས་ཐུན་མོང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༢ ལ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།