28
Thu, Mar

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༧ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་གི་མདུན་ནས་སྲིད་སྐྱོང་གི་ལས་ཁུར་དམ་བཅའ་ཕུལ་རྗེས། བོད་དོན་བདེན་མཐའ་གསལ་ཐབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད། རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ་ཡིན་ཞེས་གསུངས་འདུག

དེ་ཡང་། སྲིད་སྐྱོང་མཆོག་གིས་གསུང་དོན། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ད་ནངས་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་དྲ་བརྙན་བརྒྱུད་སྲིད་སྐྱོང་དམ་འབུལ་མཛད་སྒོར་ཆེད་དམིགས་བཀའ་སློབ་བྱིན་རླབས་བསྩལ་བ་ང་ཚོ་ཚང་མ་མཇལ་རྒྱུ་བྱུང་སྟེ་སྐལ་བ་ཧ་ཅང་བཟང་པོ་བྱུང་ཞིང་། རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བཀའ་བཞིན་སྒྲུབ་པའི་འབད་བརྩོན་བྱེད་གལ་ཆེ་བ་དང་། འཛིན་སྐྱོང་གི་ངོས་ནས་ཀྱང་འབད་བརྩོན་ལྷོད་མེད་ཞུ་གི་ཡིན།

ཐོག་མར། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པར་གུས་ཕྱག་སྔོན་དུ་ཕུལ་ཏེ། ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམ་པ་དང་། རང་དབང་དང་དྲང་བདེན་ལ་དགའ་བའི་བོད་དོན་རྒྱབ་སྐྱོར་བ་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

ཐེངས་འདིར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས། ཐའེ་ཝན་ཕྱི་སྲིད་བློན་ཆེན་སོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་ཁྱོན་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གཞན་ཚོགས་སྡེ་ཁག་དང་། སྒེར་བ་ཇི་སྙེད་ཅིག་ནས་བདམས་ཐོན་སྲིད་སྐྱོང་ལ་འཚམས་འཕྲིན་གནང་སོན་བྱུང་བ་རྣམས་ལའང་གོ་སྐབས་འདི་བརྒྱུད་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་གི་ཡོད།

༡། བཙན་བྱོལ་ནང་བཀའ་ཤག་སྐབས་ ༡༦ པ་དང་། མང་ཚོགས་ཀྱིས་ཐད་ཀར་ཐེངས ༥ པར་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་ཆེན་མོ་ལེགས་གྲུབ་བྱུང་བའི་སྐབས་འདིར། བཙན་བྱོལ་བོད་མིའི་མང་གཙོའི་བརྒྱུད་རིམ་འདིའི་གྲུབ་འབྲས་ཡོངས་སུ་རྫོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་སྨོས་མེད་ཡིན།

༢། ཐེངས་འདིའི་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་འོས་བསྡུའི་དེབ་འགོད་བྱེད་མཁན་ཁྲོད་འོས་འཕེན་པ་བརྒྱ་ཆ་ ༧༧ ཙམ་བྱུང་ཡོད་པ་དང་། འོས་བསྡུའི་ལས་རིམ་ཁྱོན་ཡོངས་ནས་ཞི་འཇམ་གྲ་འགྲིག་གང་ལེགས་བྱུང་བ་དེ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་རྒྱལ་ཁའི་གོམ་སྟབས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཅིང་། རྒྱལ་ཁ་དེ་ནི་བོད་གཞུང་མང་གཉིས་ཀ་མཉམ་རུབ་ཀྱི་སྒོ་ནས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

༣། ཐེངས་འདིར་སྲིད་སྐྱོང་འོས་བསྡུའི་ཁྲོད་མང་ཚོགས་ཀྱིས་ང་རང་ལ་མང་མོས་ཐོག་ཡིད་ཆེས་དང་རེ་བ་བཅོལ་གནང་བ་ལྟར། འཛིན་སྐྱོང་གི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་སྐྱོང་སྟངས་སྐོར་ལ་འཆར་སྣང་ཇི་ཡོད་དྲ་ལམ་བརྒྱུད་ནས་གཏམ་བཤད་དང་དེབ་གཟུགས་སུ་དཔར་འགྲེམས་ཞུས་ཟིན་པ་ལྟར། དེ་དག་ལག་ལེན་དོན་འཁྱོལ་ཡོང་བར་རང་ནུས་རྩལ་སྤྲུགས་ཞུ་གི་ཡིན་ཞེས་དེ་རིང་བསྐྱར་ནན་དུ་ཞུ་གི་ཡོད། འཆར་སྣང་དེ་དག་ནི་བོད་སྤྱི་པའི་ལས་དོན་སྣེ་མང་ཐོག་སྲི་ཞུ་ཞབས་འདེགས་བསྒྲུབས་ཡུན་རིང་བསགས་པའི་ཉམས་མྱོང་དང་། བོད་དང་རྒྱ་ནག རྒྱལ་སྤྱིའི་གནས་སྟངས་དང་འགྱུར་འགྲོས་བཅས་པར་སློབ་སྦྱོང་དང་ཞིབ་འཇུག་ཞུས་པའི་བློ་བསྐྱེད་གཞི་ལ་བཞག་སྟེ། བྱེད་དགོས་པ་དང་། བྱེད་རུང་བ། བྱེད་ཐུབ་པ་གང་ཡོད་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་མང་ཚོགས་ལ་སྙན་གསན་ཞུས་པ་ཞིག་ཡིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡིག་ཐོག་བཀའ་གནང་བ་གཞིར་བཟུང་། ད་ནངས་ཞོགས་པར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་མདུན་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུ་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། སྲིད་སྐྱོང་གིི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་ཞུས་ཟིན་པའི་རྒྱ་ལས་ནམ་ཡང་མ་བརྒལ་པ་ཞུ་གི་ཡིན།

བོད་དོན་བདེན་མཐའ་གསལ་ཐབས།

༡། བཀའ་ཤག་གི་ལས་འགན་གཙོ་བོ་ནི། དཀའ་ཉེན་འོག་ཚུད་པའི་བོད་དང་བོད་མིའི་ཛ་དྲག་གི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། བོད་ཕྱི་ནང་གི་མང་ཚོགས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་སྨན་དང་། འབྲེལ་གཏུག་གྲོས་མོལ། འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ན། འཛམ་གླིང་སྟེང་རྩོད་རྙོག་ཞི་འགྲིག་ལ་མིག་དཔེ་བཟང་པོ་ཡོང་རྒྱུའི་རེ་བ་འཛིན་གྱི་ཡོད།

༢། མཐར་ཐུག་གི་དཀའ་སེལ་མ་ཐུབ་བར་དུ། ང་ཚོས་གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱས་ཏེ། སོ་སོའི་ནུས་རྩལ་ཡོད་ཚད་མཉམ་སྤུངས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ་དང་། བོད་ཀྱི་ཁོར་ཡུག་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་རྩ་དོན་ཐོག་གནོད་སྐྱོན་ཇི་ཆགས་ཞིབ་འཇུག་དང་ལྟ་ཞིབ་ཟབ་ནན་ཐོག རྒྱ་ནག་གི་ནོར་འཁྲུལ་སྲིད་ཇུས་ཐེར་འདོན་བྱས་ཏེ། ཡོ་བསྲང་། མཚམས་འཇོག བཟོ་བཅོས་ཡོང་ཐབས་བཅས་ལ་འབད་བརྩོད་བྱ་རྒྱུ་དང་། དེ་མཚུངས་གཞིས་བྱེས་དབར་འབྲེལ་གཏུག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད། རྒྱ་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ།

༣། མ་འོངས་པར། དུས་དང་བསྟུན་པའི་ཐབས་ལམ་འགྱུར་བ་གཏོང་དགོས་གྱུར་ཚེ། དེ་ཡང་མང་གཙོའི་ལམ་ལུགས་དང་མཐུན་པར་འབྲེལ་ཡོད་ལ་གོ་བསྡུར་སྦྱངས་བཤད་བརྒྱུད་ཐག་གཅོད་བྱ་རྒྱུ།

༤། འཛིན་སྐྱོང་གི་ངོས་ནས་རྒྱ་གར་དང་། ཨ་རིས་གཙོས་པའི་རྒྱལ་སྤྱིའི་ནང་འབྲེལ་བ་བྱེད་སྐབས། དངོས་ཡོད་གནས་ཚུལ་དང་མཐུན་པར་བབ་ལྷིང་བརྟན་གསུམ་གྱི་སྒོ་ནས་འབྲེལ་འཇོག་བྱ་རྒྱུ།

༥། རྒྱ་ནག་གཞུང་གིས་འདི་ཟླའི་ཚེས་༢༡ ཉིན་རྒྱ་ནག་དབུས་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་བོད་ཞི་བའི་བཅིངས་འགྲོལ་དང་། དར་རྒྱས་གོང་འཕེལ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་འདོན་འགྲེམས་བྱས་འདུག དེའི་ཐོག་ད་ལྟ་བརྗོད་འདོད་པ་ནི། དེབ་དེར་འཁོད་པའི་བརྗོད་དོན་ཐོག་ང་ཚོའི་ངོས་ནས་གནས་སྟངས་ངོ་མ་མྱང་བརྩད་བྱེད་པོ་གཏོང་ཆོག་ཡིན།

མང་གཙོའི་ལམ་ལུགས་ཚགས་ཚུད་དང་སྲ་བརྟན།

༡། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་དུ། བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་ལུགས་ལ་སྣེ་ཁྲིད་མཛད་རྒྱུ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རིང་ནས་ཐུགས་ལ་བརྣགས་པ་ཞིག་ཡིན་པ་རྩལ་འདོན་གྱིས་དེའི་བརྒྱུད་རིམ་ཞིབ་ཕྲ་བཀོད་པ་ལྟར། མང་གཙོའི་ཀ་བ་གསུམ་འགན་དབང་ཆ་བགོས་ཀྱིས་ལྗིད་སྙོམས་སྟངས་འཛིན་མིང་དོན་མཚུངས་པ་ཞིག་ཡོང་རྒྱུ་ནི་སྒྲིག་འཛུགས་སྲ་བརྟན་གྱི་གཞི་མ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཙོ་བོ་ཞིག་ཡིན་སྟབས། བཀའ་ཤག་གི་ངོས་ནས།

ཀ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེ་མཐོང་དང་བརྩི་བཀུར་ཞུས་ཏེ། ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ནུས་ལྡན་ལམ་ལྷོང་འབྱུང་བར་མཐུན་འགྱུར་གང་ཡོང་ཞུ་རྒྱུ་དང་།

ཁ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས། གྲོས་ཚོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་གང་ཡོད་ཞུ་རྒྱུ།

ག རང་དབང་ཅན་གྱི་སྡེ་ཚན་ཁག་གི་རང་དབང་ལ་དོ་ཕོག་མ་སོང་བའི་སྒོ་ནས་ལས་དོན་ཡར་རྒྱས་ཚགས་ཚུད་ཀྱི་ཕྱོགས་སུ་འགྲོ་བར་མཐུན་འགྱུར་སྦྱར་རྒྱུ།

ང གསར་འགྱུར་བརྒྱུད་ལམ་ཁག་མིང་དོན་མཚུངས་པའི་མང་གཙོའི་ཀ་བ་བཞི་པ་ཆགས་ཐབས་སུ་འཛིན་སྐྱོང་གི་ངོས་ནས་རང་དབང་དང་ཆེ་མཐོང་ཕུལ་བའི་ཐོག་ནས་སྒྲིག་འཛུགས་ཀྱི་མཐུན་རྐྱེན་གང་ཡོད་སྦྱར་རྒྱུ།

ཅ གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་ལུང་ཚན་དང་ཆོས་བརྒྱུད། ལྟ་བ་ལངས་ཕྱོགས་ཀྱི་དབྱེ་བ་མེད་པར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་གོ་བསྡུར་བྱ་རྒྱུ།

ཆ ས་གནས་སྒྲིག་འཛུགས་ཁག་དང་། མང་ཚོགས་ལ་འཛིན་སྐྱོང་གི་ལས་དོན་ཁག་ཕྱི་གསལ་ནང་གསལ་བྱས་ཐོག འཛིན་སྐྱོང་གི་ངོས་ནས་བྱེད་སྒོ་མཐའ་དག་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་དང་། ལན་འདེབས། རྩིས་རྒྱག་ཞུ་རྒྱུ།

འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས།

༡། འཛིན་སྐྱོང་གི་ལས་དོན་གྱི་ཐོག་མར། བཀའ་བློན་རྣམ་པ་དང་ལས་བྱེད་རྣམ་པ་མང་ཚོགས་ལ་སྲི་ཞུ་ཞབས་འདེབས་སྒྲུབ་མཁན་ཡིན་པའི་ངོས་འཛིན་གསལ་པོ་བཟོས་ཐོག ལས་དོན་བྱེད་སྐབས་ཀྱང་མང་ཚོགས་ལ་སྲི་ཞུ་སྒྲུབ་རྒྱུའི་དམིགས་ཡུལ་འདོར་མི་ཆོག་པའི་བཀོད་མངགས་ནན་པོ་བྱ་རྒྱུ།

༢། བཀའ་ཤག་གིས་གཏན་འབེབས་བྱས་པའི་སྲིད་ཇུས་འོག་ལས་འཆར་ལག་བསྟར་བྱེད་སྐབས་ལས་བྱེད་པའི་ཉམས་མྱོང་དང་བསྒྲིལ་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ།

༣། སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་། རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་བོད་ཀྱི་ཆོས་རིག་རྒྱུན་འཛིན་དར་སྤེལ་གྱི་ལས་དོན་ཁག་ལ་རམ་འདེགས་དང་མཐུན་འགྱུར་གང་འོས་ཞུ་རྒྱུ།

༤། དོན་སྙིང་ལྡན་པའི་ཤེས་ཡོན་སྦྱོར་སྤྲོད་ཆེད། སློབ་ཕྲུག་གི་ཁེ་ཕན་གཙོ་བོར་བཞག་སྟེ་སློབ་གྲྭ་ཁག་ཟླ་བསྒྲིལ་དང་། སློབ་གཉེར་གྱི་མཐུན་རྐྱེན་ཡར་རྒྱས་གང་ཐུབ་གཏོང་རྒྱུ།

༥། བོད་མི་འདུས་སྡོད་ས་གནས་ཁག་ཡར་རྒྱས་ཚགས་ཚུད་སླད། གཞི་རིམ་གྱི་དགོས་མཁོ་ཁག་སྐོང་སྒྲུབ་ཐོག དམིགས་སུ་བཀར་ནས་དབུལ་ཕོངས་ལ་ལྟ་སྐྱོང་བྱ་རྒྱུ་དང་། ལས་གཞིའི་ངོ་བོ་ལ་གཞིགས་པའི་སྟེང་ནས་གཤམ་དང་། གཤམ་ནས་སྟེང་དུ་འཆར་སྒྲིག་ལག་བསྟར་བྱ་རྒྱུ།

༦། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་གལ་ཆེར་བཟུང་སྟེ། ནད་གཞི་སྔོན་འགོག་དང་སྨན་བཅོས་ལ་ཤུགས་སྣོན་དང་། ནད་གཅོང་དང་རྒས་འཁོགས་ལ་ལྟ་སྐྱོང་ཚད་ལྡན་ཡོང་ཐབས་འབད་བརྩོན་བྱ་རྒྱུ།

༧། བོད་གཞུང་མང་གཉིས་དཔལ་འབྱོར་ཐོག་རང་ཁ་རང་གསོ་ཡོང་བའི་དམིགས་ཡུལ་འགྲུབ་ཆེད། འཆར་གཞི་ལྡན་པའི་སྒོ་ནས་ཚོང་ལས་དང་། ལག་ཤེས་བཟོ་ལས། གསར་གཏོད་ལས་གཞི། གཞིས་མི་དང་གཞིས་ཟུར་དབར་གཅིག་ཕན་གཅིག་གྲོགས་ཀྱི་ལས་གཞི་བཅས་པར་མཐུན་འགྱུར་གང་ཡོད་སྦྱར་རྒྱུ།

༨། བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་དང་། གཞོན་སྐྱེས་ཀྱི་ནུས་པ་སྐུལ་སྤེལ་ཐོག བོད་མིའི་སྒྲིག་འཛུགས་དང་མཉམ་རུབ་ཀྱིས་ཆབ་སྲིད་གཙོ་བོར་གྱུར་པའི་ལས་འཆར་གང་མང་སྤེལ་རྒྱུ།

༩། སྲིད་སྐྱོང་གི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། སྲིད་གཞུང་ཁག་ལ་འབྲེལ་བ། བོད་མིའི་སྒྲིག་འཛུགས་དང་མང་ཚོགས་དབར་འབྲེལ་བ་དམ་ཟབ་ཡོང་བའི་འགན་ཁུར་གཙོ་བོ་ལེན་རྒྱུ།

༡༠། བཀའ་བློན་རྣམ་པས་སོ་སོའི་ལས་བགོས་ལྟར་གྱི་ལས་འགན་སྒྲུབ་རྒྱུའི་ཐོག ལས་དོན་སྒྲུབ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་བསུན་མི་ཡོང་བའི་འགན་ཁུར་ལེན་ཐུབ་དགོས་པའི་ཆ་རྐྱེན་ལྟར་སྒྲུབ་ཐབས་བཀོད་མངགས་བྱེད་ཀྱི་ཡིན།

༡༡། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་འཆར་འགོད་ཚད་ལྡན་དང་། ལག་བསྟར་ནུས་ཐོན་གྱི་གཞི་མར་བཙན་བྱོལ་བོད་མིའི་སྤྱི་ཡོངས་གནས་སྟངས་གསལ་པོར་རྟོགས་ཐུབ་པའི་མི་འབོར་ཞིབ་བཤེར་གྱི་ལས་གཞི་སྤུས་དག་ཅིག་གང་མགྱོགས་འགོ་འཛུགས་བྱ་རྒྱུ།

གཞེན་སྐུལ་དང་སྨོན་འདུན།

༡། འོས་བསྡུའི་འགྲན་རྩོད་ལ་བརྟེན་ནས་བསམ་ཚུལ་མཐུན་མིན་གྱི་ཕྱོགས་ཁག་ཅི་རིགས་ཡོང་རྒྱུ་ནི་ཆོས་ཉིད་ཡིན་ནའང་། སྒེར་ནད་སྤྱི་སྤུངས་དང་། སྤྱི་དོན་ཐད་མ་མཐུན་པ་ཇི་བྱུང་སྒེར་གྱི་འཁོན་འཛིན་དུ་མ་བཟུང་བར། ཁ་གཏད་ངོ་མ་ཇི་བཞིན་ངོས་འཛིན་ཐུབ་པ་བྱེད་གལ་དང་། རང་ཡུལ་ཤོར་བའི་བཙན་བྱོལ་བ་ཡིན་པའི་ཆ་ནས། ང་ཚོ་ཚང་མ་བོད་ཀྱི་བདེན་མཐའ་གསལ་བའི་དམིགས་ཡུལ་སྒྲུབ་མཁན་གཅིག་གྱུར་ཡིན་ཞིང་། སྤྱི་ཚོགས་ནང་འགྲིག་མ་འགྲིག་གི་རྩོད་རྙོག་ཕྲན་བུ་བྱུང་སྐབས། ང་ཚོས་མང་གཙོའི་སྒྲིག་འཛུགས་དང་ཁྲིམས་སྒྲིག་གི་ཐོབ་ཐང་ལོངས་སུ་སྤྱད་དེ་ཚུལ་མཐུན་གྱི་ཐོག་ནས་རྩོད་པ་སེལ་ཆོག་པ་དང་། འཛིན་སྐྱོང་གི་ངོས་ནས་རྒྱུ་མཚན་དང་ལྡན་པའི་བསམ་ཚུལ་དང་སྐྱོན་བརྗོད་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱས་ཏེ། དེར་བདག་སྤྲོད་དང་ཉན་འཇོག་བྱེད་ངེས་ཡིན་པས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཀྱང་མཉམ་རུབ་དང་མཉམ་ལས་ཀྱི་འགན་ཁུར་སྔར་ལྷག་གནང་གལ་འབོད་སྐུལ་ཞུ་གི་ཡོད།

༢། ཁྲིམས་ཀྱིས་དབང་བསྒྱུར་གཙིགས་སྣང་བཟུང་བའི་སྤྱི་སྙོམས་དྲང་བདེན་དང་། རང་གཞན་རོགས་གསུམ་གདུང་ཤུགས་གཅིག་ཏུ་བསྒྲིལ་བའི་ནུས་པ་མཉམ་སྤུངས། རྒྱུན་མཐུད་ཡར་རྒྱས་ཕུགས་དམིགས་སུ་གཏད་པའི་གོམ་པ་མདུན་སྤོ་བཅས་སྲོག་སྙིང་དུ་བཟུང་བའི་བསྒྲགས་ཚིག་འདི་གསུམ་ལག་ལེན་དོན་འཁྱོལ་གྱི་སྐབས་ཤིག་བྱུང་བ་ཡིན་ན། བོོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་སྒྲུབ་ཐབས་ཀྱི་བྱེད་སྒོ་རྣམས་བཟང་ཕྱོགས་སུ་ཁྲིད་ཐུབ་པར་མཐུན་རྐྱེན་ངེས་ཅན་ཞིག་འཛོམས་ཡོད་པའི་ཡིད་ཆེས་བྱེད་ཆོག་ཅེས་ཡོངས་ཁྱབ་ཏུ་ཞུས་ཟིན་པ་ལྟར། དེ་རིང་ནས་བཟུང་སྟེ་ང་ཚོ་ཚང་མ་ལེའུ་གསར་པ་ཞིག་འབྱེད་པའི་གོམ་ཁ་གསར་པ་ཞིག་སྒྱུར་འགོ་འཛུགས་དགོས་ཀྱི་རེད།

༣། ཕྱི་ཚེས་ ༢༣ ཉིན་མགོ་ལོག་ཁུལ་དུ་ས་ཡོམ་གྱི་གནོད་པ་བྱུང་འདུག་སྟེ། མི་ཕྱུགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཆེ་བ་བྱུང་མི་འདུག་ཀྱང་། རང་རེའི་སྤུན་ཟླ་ཚོར་འབྱུང་བའི་བར་ཆད་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

༤། ད་ཆ་འཛིན་སྐྱོང་གི་ལས་དོན་ཛ་དྲག་ཆེ་ཤོས་ནི་རྒྱ་བལ་གཉིས་ཀྱི་བོད་མིའི་གཞིས་སྒར་ཁག་ཏུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་སེལ་ཐོག་དབུས་དང་ས་གནས་ཁག་གི་ཛ་དྲག་ཚོགས་ཆུང་ཁག་བསྐྱར་སྒྲིག་བྱས་ཏེ། དགོས་ངེས་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་དེ་ཡིན་ཅིང་། ཉིན་གཉིས་ཀྱི་རྗེས་སུ་འཛིན་སྐྱོང་གི་ངོས་ནས་བྱེད་ཐབས་དང་ལམ་སྟོན་བྱེད་སྒོ་ཁག་གསལ་བསྒྲགས་ཞུ་གི་ཡིན།

༥། མཇུག་ཏུ། རྒྱ་གར་དང་། ཨ་རིས་མཚོན་པའི་དྲང་བདེན་ལ་དགའ་བའི་རྒྱལ་ཁག་ཁག་གི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་དང་བོད་མིར་བརྩེ་སེམས་ཆེན་པོས་ད་བར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་རྣམ་པའི་རྒྱབ་སྐྱོར་ནི་ང་ཚོ་བོད་ཀྱི་རང་དབང་འཐབ་རྩོད་ལ་སེམས་ཤུགས་བསྐྱེད་གཞིའི་སྡོང་གྲོགས་ཡིན་པས། བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།

༦། མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཅིང་། གཞིས་བྱེས་བོད་མི་ལྷན་འཛོམས་ཀྱི་དགའ་སྟོན་ཉིན་མོ་གང་མྱུར་འཆར་བའི་རེ་སྨོན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།