19
Fri, Apr

བཀའ་ཤག་གི་གསལ་བསྒྲགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༦ཉིན་སྤེལ། བོད་ཟླ་བཞི་པའི་ཚེས་ ༡༥ ཉིན་སྟོན་པའི་དུས་ཆེན་གསུམ་འཛོམས་སུ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། འཛམ་གླིང་ནང་པའི་སྡེ་པ་དང་རྒྱལ་ཁབ་གཞན་ཕལ་མོ་ཆེས་སྟོན་པའི་དུས་ཆེན་གསུམ་འཛོམས་དེ་བོད་ཟླ་གསུམ་པའི་ཚེས་ ༡༥ ཉིན་བུདྷ་པཱུརྞི་མ་དང་ཝཻ་སཱཁ་པཱུརྞིམ་སོགས་ཀྱི་ངོ་བོར་སྲུང་བརྩི་ཞུ་བཞིན་ཡོད་ཕྱིན། ཕྱི་ལོ་༢༠༢༡་ནས་འཛམ་གླིང་ནང་པ་གཞན་དང་སྤྱི་མཚུངས་སྲུང་བརྩི་གནང་ཕྱོགས་དགོས་པའི་སྐུལ་འདེབས་དང་ཡོངས་ཁྱབ་རྩ་འཛིན་གསལ་བསྒྲགས་ཤིག་བཀའ་ཤག་གིས་སྤེལ་འདུག

དེ་ཡང་། ཟླ་འདིའི་ཚེས་༢༥ཉིན། བཀའ་ཤག་ནས་བྱེས་འཁོད་བོད་ཀྱི་ནང་པའི་ཆོས་སྡེ་ཁག་དང་། བོད་མིའི་གཞིས་སྒར་ཁག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ཐུན་མོང་ལ། ཕྱི་ལོ་ ༢༠༢༡ ནས་འགོ་འཛུགས་ཀྱིས་རྒྱ་གར་དང་འཕགས་པ་གནས་བརྟན་སྡེ་པ་ཕལ་ཆེ་བས་སྲུང་བརྩི་བྱེད་པའི་སྟོན་པའི་དུས་ཆེན་བུདྷ་པཱུརྞི་མ་ (Buddha Purnima) འམ་ཝཻ་སཱཁ་པཱུརྞི་མ་ (Vesak Purnima) ཞུ་བ་དེ་འཛམ་གླིང་ནང་པ་གཞན་དང་སྤྱི་མཚུངས་སྲུང་བརྩི་གནང་ཕྱོགས་དགོས་པའི་སྐུལ་འདེབས་དང་ཡོངས་ཁྱབ་རྩ་འཛིན་གསལ་བསྒྲགས་ཤིག་སྤེལ་འདུག

གསལ་བསྒྲགས་དེའི་ནང་དུ་འཁོད་དོན། འཛམ་གླིང་ཆོས་ལུགས་ནང་ཁུལ་དང་ནང་པའི་སྡེ་པ་ནང་ཁུལ་གུས་བརྩི་དང་མཐུན་འབྲེལ་དམ་ཟབ་ཡོང་ཐབས་བྱ་རྒྱུ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་བཀའ་སློབ་དགོངས་དོན་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། དེ་འབྲེལ་རང་ཅག་བོད་ཀྱི་ནང་པ་རྣམས་ཀྱི་ངོས་ནས་འཛམ་གླིང་ནང་པའི་སྡེ་པ་གཞན་ལ་གུས་བརྩི་དང་བབ་བསྟུན་བསམ་ཤེས་ཞུ་སྒོ་མང་དག་ཅིག་ཡོད་པའི་ཁྲོད་ནས་སྐབས་སུ་བབས་པ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་ཆེན་སྲུང་བརྩི་ཞུ་ཕྱོགས་སྐོར་ཡིན།

དེ་ཡང་ལོ་འཁོར་ནང་སྟོན་པའི་དུས་ཆེན་ཆེ་ཤོས་སྲུང་བརྩི་ཞུ་ཕྱོགས་འཛམ་གླིང་ནང་པའི་སྡེ་པ་གཞན་ཕལ་མོ་ཆེ་ཕྱོགས་གཅིག་དང་། རང་ཅག་བོད་ཀྱི་ནང་པ་རྣམས་ཕྱོགས་གཅིག་ཏུ་གནས་པ་ལྟ་བུར་གྱུར་ཡོད་པ་ནི། བོད་ལུགས་ནང་བསྟན་རྗེས་འབྲང་ཚོས་ས་ག་ཟླ་བ་སྟེ་བོད་ཟླ་བཞི་པའི་ཚེས་ ༡༥ ཉིན་སྟོན་པའི་དུས་ཆེན་གསུམ་འཛོམས་སུ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། འཛམ་གླིང་ནང་པའི་སྡེ་པ་དང་རྒྱལ་ཁབ་གཞན་ཕལ་མོ་ཆེས་སྟོན་པའི་དུས་ཆེན་གསུམ་འཛོམས་དེ་བོད་ཟླ་གསུམ་པའི་ཚེས་ ༡༥ ཉིན་བུདྷ་པཱུརྞི་མ་དང་ཝཻ་སཱཁ་པཱུརྞིམ་སོགས་ཀྱི་ངོ་བོར་སྲུང་བརྩི་ཞུ་བཞིན་ཡོད།

ཕྱི་ལོ་ ༡༩༩༩ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ཟླ་ ༣ ཚེས་ ༡༥ ཉིན་ཁེལ་བའི་བུདྷ་པཱུརྞི་མ་དང་ཝཻ་སཱཁ་པཱུརྞིམ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱལ་སྤྱིའི་དུས་ཆེན་དུ་གཏན་འབེབས་གསལ་བསྒྲགས་གནང་འདུག་པ་བཅས་དེ་དག་གཞི་རྩར་བཟུང་སྟེ། རང་ཅག་བོད་ཀྱི་ནང་པ་སྤྱི་ངོས་ནས་རང་ལུགས་སྟོན་པའི་དུས་ཆེན་གསུམ་འཛོམས་སྔར་སྲོལ་རྒྱུན་སྐྱོང་གནང་རྒྱུའི་ཐོག འཛམ་གླིང་ནང་པའི་སྡེ་པ་གཞན་དག་ལ་གུས་བརྩི་དང་བབ་བསྟུན་ཞུ་ཕྱིར། ཕྱི་ལོ་ ༢༠༢༡ ནས་འགོ་འཛུགས་ཀྱིས་རྒྱ་གར་དང་འཕགས་པ་གནས་བརྟན་སྡེ་པ་ཕལ་ཆེ་བས་སྲུང་བརྩི་བྱེད་པའི་སྟོན་པའི་དུས་ཆེན་བུདྷ་པཱུརྞི་མ་ (Buddha Purnima) འམ་ཝཻ་སཱཁ་པཱུརྞི་མ་ (Vesak Purnima) ཞུ་བ་དེ་འཛམ་གླིང་ནང་པ་གཞན་དང་སྤྱི་མཚུངས་སྲུང་བརྩི་གནང་ཕྱོགས་དགོས་པའི་སྐུལ་འདེབས་དང་ཡོངས་ཁྱབ་རྩ་འཛིན་གསལ་བསྒྲགས་སུ། བཀའ་ཤག་གིས་བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༥ ཉིན། ཞེས་བཀོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།