19
Fri, Apr

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༧ཉིན། སྐབས་༡༦་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠་པ་གྲོལ་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༧ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཉིན་༡༢་ཚོགས་རྗེས་དེ་རིང་གྲོལ་སོང་། གྲོས་ཚོགས་ཚོགས་ཡུན་རིང་སྔོན་རྩིས་སྐོར་དང་། བཀའ་ཤག་གི་གསལ་བཤད། གཞན་གྲོས་ཆོད་གྲོས་འཆར་༢༠་བཞག་ཡོད་འདུག

དེ་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུ་ཉིན་མཐའ་མའི་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པར་ཞུ་རྒྱུར། དེ་རིང་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་བཅོ་བརྒྱད་ཙམ་བཞག་ཡོད་རེད། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཅིག་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གཅིག་བཞག་ཡོད། བཀའ་ཤག་གི་གསལ་བཤད་གཅིག་བྱུང་བ་རེད། དཔལ་འབྱོར་ལས་རིམ་བཞི་བྱུང་བ་རེད། དཔལ་འབྱོར་ལས་རིམ་བཞི་ནི། དཔལ་ལྡན་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། བསྐྱར་བཅོས་སྔོན་རྩིས་གཏོང་ལེན། ཕྱི་ལོ་༢༠༢༡་ནས་༢༠༢༢ ལོའི་གཏོང་ལེན་ཅེས་བཞི་ཡིན། དེ་ནས་དྲི་བ་དྲི་ལན་གཅིག་བྱུང་བ་རེད། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་གཅིག གཞུང་འབྲེལ་གྱི་གྲོས་ཆོད་བཞི། སྤྱི་འཐུས་སྒེར་གྱི་གསལ་བཤད་གཅིག་བཅས་ཆགས་ཡོད། ཅེས་ཚོགས་གཙོ་མཆོག་གིས་འགྲེལ་བརྗོད་གནང་སོང་།

དེ་རིང་གསལ་པོ་ཞུ་རྒྱུར། ཕྱི་ཟླ་༩་ནང་གྲོས་ཚོགས་འཚོགས་རྒྱུ་དེ་ནི་བཅའ་ཁྲིམས་དོན་ཚན་༤༠ དགོངས་དོན་བཞིན་ནད་ཡམས་ཀྱི་རྐྱེན་པས་ཚུགས་ཐུབ་ཀྱི་མེད་སྟབས། ཚོགས་འདུ་ཕར་འགྱངས་བྱ་རྒྱུ་དེས་བཅའ་ཁྲིམས་དོན་ཚན་༦ དང་། བཅའ་ཁྲིམས་དོན་ཚན་༤༩ པའི་ནང་གསེས་༢ གཞིར་བཟུང་ཕར་འགྱངས་བྱེད་པ་ཞིག་ཡིན། དེ་ནས་སྤྱི་མང་གཏུག་བཤེར་དང་འབྲེལ་བའི་དོན་ཚན་༦༩ པའི་ཏ་པའི་ཐོག་ལ་བཀའ་མོལ་མང་པོ་བྱུང་སོང་། དེར་བརྟེན། ཆེས་མཐོ་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་གསུམ་ཆ་གཉིས་ལས་ལྷག་གི་ཚོར་སྣང་གང་ཡོད་པ་རྣམས་མཁྱེན་པ་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ཐེངས་འདིའི་གྲོས་ཚོགས་འདི་ཚོགས་གཙོའི་ངོས་ནས་ཚོར་སྣང་ངམ་མཐོང་སྣང་གང་འདྲ་བྱུང་སོང་ཞེས་ཞུས་ན། འདིའི་སྔོན་ལ་གྲོས་ཚོགས་ཚུགས་པའི་སྐབས་སུའང་ཞུས་པ་ཡིན། གྲོས་ཚོགས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་འགྲོ་དགོས་ཀྱི་ཡོད་ཀྱང་། ང་ཚོའི་གྲོས་ཚོགས་འདི་སྤྱི་ཚོགས་དྲ་ལམ་དེ་འདྲས་གྲོས་ཚོགས་སྣེ་ཁྲིད་ནས་འགྲོ་གི་ཡོད་པ་ལྟ་བུ་མཐོང་སོང་། མགོ་མཇུག་སློག་པ་ལྟ་བུའི་ཚོར་སྣང་བྱུང་། ལྷག་པར་དུ་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོ་མཁན་གྱི་རྗེས་སུ་འབྲང་ནས་གནས་ཚུལ་མང་པོ་ཞིག་འདིར་གླེང་ཡོང་གི་འདུག མ་འོངས་པར་དེ་ཚོ་རིགས་མེད་པ་བྱེད་ན་ཡག་པོ་ཡོད། ང་རང་ཚོ་རང་གི་རྣམ་སྤྱོད་དང་རྩལ་སྟོན་དགོས་པ་དང་སྤྱི་པའི་ཐད་གང་བྱེད་དགོས་སྐོར་ཐོག་གནང་ཐུབ་ཚེ་ཡག་པོ་ཡོད་པ་རེད་ཞུ་རྒྱུ་ཡིན། ཞེས་ལམ་སྟོན་གནང་སོང་།

དེ་རིང་གི་གྲོས་ཚོགས་འདི་ཚུགས་པའི་སྐབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་གྲོས་ཚོགས་མ་གྲོལ་བར་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཕྱག་ལས་ཧ་ཅང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ཕྱག་ལས་ཡག་པོ་གནང་སོང་། གཞན་ཡང་། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་ཀྱང་ཕྱག་ལས་ཡག་པོ་གནང་སོང་། རྩ་བའི་ང་ཚོའི་གྲོས་ཚོགས་འདི་ཡག་པོ་ཞིག་ཡོང་བར་ང་རང་ཚོ་ཚང་མས་མཐུན་འགྱུར་མ་གནང་ཚེ་ཡོང་རྒྱུ་མེད། འཛིན་སྐྱོང་བཀའ་ཤག་གཙོ་བོ་གྱུར་བའི་ལས་ཁུངས་ཁག་དང་། དམིགས་བསལ་གྲོས་ཚོགས་ཀྱི་ལས་དོན་བསྒྲུབ་སླད་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་རིང་གི་གྲོས་གཞི་གྲོས་འཆར་གཅིག་གི་བརྒྱུད་སླར་ཡང་གྲོས་ཚོགས་འཕར་མ་གཅིག་ཚོགས་དགོས་ཀྱི་ཡོད། ད་ལྟའི་བསམ་བློའི་ནང་ཕྱི་ཟླ་༥ ནང་འཚོགས་རྒྱུའི་བསམ་བློ་ཡོད། སྐབས་དེར་ཚང་མ་ཕེབས་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད། ཅེས་གསུངས་སོང་། 

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པ་གྲོལ་བ་ཡིན། ཞེས་གསུངས་རྗེས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་གྲོལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།