20
Sat, Apr

༢༠༢༠་ལོའི་ཟླ་༩་ཚེས་༢༥ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢༥ཉིན། བོད་མི་ཚོ་ནང་ཁུལ་གྱི་རྙོག་གླེང་ལ་མགོ་འཐོམས་ནས་མི་སྡོད་པ་བོད་སྤྱི་པའི་རྩ་དོན་ཐད་ལས་འགུལ་སྤེལ་དགོས་འདུག ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་བོད་དོན་ཐོག་ལས་འགུལ་སྤེལ་བཞིན་འདུག ད་དུང་ཡང་བོད་མི་སྒེར་དང་ཚོགས་པ་ཚོས་བོད་དོན་ཆེད་ལས་འགུལ་མང་བར་སྤེལ་དགོས་འདུག ཅེས་སྲིད་སྐྱོང་མཆོག་གིས་འབོད་སྐུལ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་དཔར་སྐྲུན་གནང་བའི་༼ རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ། ༽ ཅེས་པའི་དཔེ་དེབ་དབུ་འབྱེད་གནང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཐོག་མར། བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་དོན། འདི་ལོའི་སྔོན་རྩིས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཞུགས་མཁན། ཨ་རིའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཨོ་གླིང་ལ་བོད་རིགས་ཚོགས་པ། སུད་སིར་བོད་རིགས་མི་མང་ཟེར་གྱི་རེད། དེ་དག་ཚང་མ་མིང་ཙམ་མ་གཏོགས་དོན་དག་གཅིག་པ་རེད། སྤྱིར་འདི་ལོའི་ཟླ་ ༤ ནང་དུ་བཞུགས་སྒར་རྡ་སར་གོང་གི་ཚོགས་པའི་འགན་འཛིན་དང་མཉམ་དུ་ཚོགས་འདུ་འཚོགས་རྒྱུ་གཏན་འཁེལ་ཟིན་པ་མ་ཟད། གནད་དོན་མང་པོ་ཞིག་གི་ཐོག་བཀའ་བསྡུར་གནང་རྒྱུ་བང་བསྒྲིགས་པ་རེད། འོན་ཀྱང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཚོགས་ཐུབ་མེད།

དེ་ནས་ཁོང་གིས་དཔེ་དེབ་གསར་བའི་ཐད་འགྲེལ་བརྗོད་གནང་དོན། རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་གནས་བབ་སྐོར་ལོན་ཌོན(London)དུ་གནས་སྡོད་བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་དང་ཨ་རི་རྒྱ་ས་ཝ་ཤིང་ཊོན་དུ་གནས་སྡོད་བསྟན་འཛིན་སྒྲོལ་དཀར་ལགས་རྣམ་གཉིས་ཀྱིས་ཐུགས་འགན་བཞེས་པ་དང་། དེའི་སྟེང་འགྲེལ་ཡོད་ལས་ཁུངས་ཁག་དང་གོ་བསྡུར་གནང་སྟེ་འགེངས་ཤོག་དོན་ཚན་གཙོ་བོ་བཅུ་གཉིས་དང་། ནང་གསེས་དོན་ཚན་བརྒྱ་ལྷག་ཡོད་པའི་འགེངས་ཤོག་ལྡི་ལི་དང་བལ་ཡུལ་སྐུ་ཚབ་དོན་གཅོད་ཕུད་པའི་སྐུ་ཚབ་དོན་གཙོད་ཁག་གི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གནས་སྟངས་ཞིབ་འཇུག་བྱེད་རྒྱུའི་འགེངས་ཤོག་བཀྲམ་པ་ལྟར་སྙན་ཐོ་ཧ་ཅང་ཡག་པོ་དང་སྤུས་དག་པོ་འདུག སྙན་ཐོ་མང་པོ་ཞིག་འབྲེལ་ཡོད་ནས་གནས་ཚུལ་གང་ཕུལ་བ་ལྟར་བཟོས་ཡོད། མི་འབོར་ཚད་གཞི་སོགས་གསལ་པོ་ཆགས་ཡོད། མང་པོ་ཞིག་ཚོད་དཔག་རེད་འདུག གང་ལྟར་སྤྱི་ཡོངས་ནས་སྙན་ཐོ་འདི་མེད་པ་ལས་བཟང་བ་ཆགས་འདུག ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། ཞེས་གསུངས་སོང་།

དེའི་རྗེས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ད་ལམ་སྙན་ཐོ་འདི་ཕྱོགས་གཅིག་ནས་བལྟས་ཚེ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་སྐོར་ཡིན་སྟབས། དངོས་ཡོད་གནས་སྟངས་ལ་ད་ཆ་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་ཡོད་པའི་བོད་མིའི་མི་འབོར་དང་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་འབོར་བརྒྱ་ལྔ་བཅུ་ལྔ་བཅུ་ཆགས་ཡོད། དེར་བརྟེན་ཕྱི་ལོགས་སུ་ཡོད་པའི་བོད་མིའི་གནས་སྟངས་དང་སྤྱི་ཚོགས་ཀྱི་གནས་སྟངས། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོའི་གནས་སྟངས། ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་སྐོར་རྟོགས་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

སྤྱིར་སྙན་ཐོའི་ནང་ཡོད་པ་བཞིན་བཀའ་ཤག་སྐབས་ ༡༤ དང་ ༡༥ རིང་ལས་དོན་འགོ་བཙུགས་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀློག་དེབ་ཀྱི་མཐུན་རྐྱེན་དང་དགེ་རྒན་ཆེད་ཟབ་སྦྱོང་། ཨ་རིར་ཡོད་པའི་གཟའ་མཇུག་སློབ་གྲྭ་རྣམས་ལོ་འཁོར་ཚོགས་ཆེན་ཚོགས་ཀྱི་ཡོད་པ་ལྟར་ཡུ་རོབ་ཁུལ་གྱི་གཟའ་མཇུག་སློབ་གྲྭ་ཡང་དེ་བཞིན་འཚོགས་རྒྱུའི་སྔོན་རྩིས་ཤིག་ཡོད། ཕྱོགས་མཚུངས་ཨ་རི་ནང་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཚོགས་པ་ལྟར་ཡུ་རོབ་སོགས་ཀྱི་ནང་དུའང་དེ་བཞིན་གནང་སྟེ་ཚགས་ཚུད་ཡོང་བར་བརྟེན་འདི་ལོའི་ཕྱི་ཟླ་ ༤ ནང་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་རྫོགས་བསྐོང་ཚོགས་ཀྱིས་རྡ་སར་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འཆར་ཡོད་ཀྱང་ད་ལན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བྱུང་ཐུབ་མེད།

གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་མང་པོ་ཡོད་པ་རྣམས་དང་འབྲེལ་བ་ཇི་ལྟར་བྱེད་དགོས་པ་དང་། འབྲེལ་བ་དམ་ཟབ་བྱེད་པའི་ཐོག་ནས་གཟའ་མཇུག་སློབ་གྲྭར་དགེ་བཤེས་དང་སློབ་དཔོན་རྣམ་པས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་བྱེད་རྒྱུའི་ལས་འཆར་ཡོད། སྤྱི་མཐུན་ཚོགས་པ་ཁ་ཤས་ཆོས་ཚོགས་ཁག་དང་འབྲེལ་བ་ཧ་ཅང་ཡག་པོ་འདུག ས་གནས་ཁ་ཤས་ལ་ཡག་པོ་མེད་པ་རྣམས་འབྲེལ་བ་དམ་ཟབ་ཡོང་བར་གང་བྱེད་དགོས་སྐོར་དང་། སྤྱི་མཐུན་ཚོགས་པ་ནང་ལ་རིག་གཞུང་དང་ཆབ་སྲིད། རྒྱ་རིགས་འབྲེལ་མཐུད། གཞོན་སྐྱེས་འབྲེལ་མཐུད་ཀྱི་འགན་འཛིན་ལ་སོགས་བཀོད་དགོས་པ་སོགས་ཀྱི་སྐོར་སྙན་ཐོ་ནང་ཞིབ་ཕྲ་འཁོད་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོ་ལ་བོད་ཀྱི་ཐུན་མིན་རིག་གཞུང་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་དང་། དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་དགོས་པའི་སྐོར་བཀའ་སློབ་རབ་དང་རིམ་པ་མང་པོ་ཕེབས་ཡོད་པ་ལྟར་དེའི་ཐད་འབད་བརྩོན་བྱེད་བཞིན་ཡོད། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ནས་སྐད་རིགས་ཕལ་ཆེར་བཅུ་གཅིག་ནང་གསར་འགྱུར་ཤོད་ཀྱི་ཡོད། བཤད་དགོས་དོན་གཙོ་བོ་གཅིག་ནི། བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་ཆེད་ཡིན། གཉིས་ནི་བོད་མིའི་གཞོན་སྐྱེས་ཆེད་ཡིན།

དེ་ནས་ཉེ་སྔོན་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡུ་རོབ་སོགས་ཀྱི་ནང་དུ་བོད་དོན་ཐོག་ལས་འགུལ་སྤེལ་མཁན་བློ་བཟང་སྦྱིན་པ་ལགས་དང་སངས་རྒྱས་སྐྱབས་ལགས། ཚེ་རིང་མཚོ་མོ་ལགས། བཀྲ་ཤིས་དོན་འགྲུབ་ལགས། བསོད་ནམས་ཚེ་རིང་ལགས། བསྟན་འཛིན་ཕུན་ཚོགས། མིག་དམར་ལགས་། པདྨ་ལགས། བློ་བཟང་ལགས། བསོད་ནམས་ལགས་སོགས་ཀྱི་མིང་བཏོན་ནས་ཐུགས་རྗེ་ཆེ་ཞུས་ནས་ཕྱི་རྒྱལ་དུ་ཁག་ཏུ་ཡོད་པའི་བོད་མི་ཚོས་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་བཞིན་འདུག་ལ་ད་དུང་ཡང་སྤེལ་དགོས་ཀྱི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཐོག་འབད་བརྩོན་གནང་དང་གནང་བཞིན་ཡོད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངོས་ནས་ལངས་ཕྱོགས་གང་ཟིན་གྱི་ཡོད་ནའང་བོད་དོན་ཐད་ལས་འགུལ་མང་ཙམ་སྤེལ་དགོས་པའི་དུས་ཚོད་སླེབས་འདུག ནང་ཁུལ་གྱི་རྙོག་གླེང་ལ་མགོ་མ་འཐོམས་པར་བོད་སྤྱི་པའི་རྩ་དོན་ཐད་ལས་འགུལ་སྤེལ་དགོས། དཔེར་ན། ཨ་རིར་ཡོད་པའི་བོད་མི་རྣམས་ཀྱིས་རྒྱལ་སྤྱི་བོད་དོན་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་ལོ་རེར་བོད་དོན་ཞུ་གཏུགས་ཉིན(Tibet Lobby Day)ཞེས་བོད་དོན་ཐད་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། ཡུ་རོབ་དང་ཨོ་གླིང་སྤེལ་དགོས་ཀྱི་འདུག ཁེ་ན་ཌ་ནང་བོད་མིའི་གཞོན་སྐྱེས་ཁེ་ན་ཌ་གྲོས་ཚོགས་ནང་དྭངས་བླངས་ཞབས་ཞུ་གནང་རྗེས་ཁེ་ན་ཌ་གྲོས་ཚོགས་ཀྱི་ལས་དོན་རྣམས་རྒྱུས་མངའ་ཡོད་པར་བརྟེན་ཕྱིས་སུ་གྲོས་ཚོགས་འཐུས་མི་ནང་ལངས་མཁན་ཡོང་གི་ཡོད། དེ་བཞིན་ཨ་རི་དང་ཨོ་སི་ཊི་ལི་ཡ། ནེའུ་ཛི་ལེནཌ། ཉི་ཧོང་སོགས་གྲོས་ཚོགས་ནང་དྭངས་བླངས་ཞབས་ཞུ་གནང་མཁན་མང་ཙམ་དགོས་ཀྱི་འདུག ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་སློབ་སྦྱོང་མཐའ་ཕྱིན་པ་གནང་རྗེས་ས་གནས་ཀྱི་ལས་བྱེད་ཁོངས་འཛུལ་ཞུགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག མི་དང་མི་བར་གྱི་འབྲེལ་བ་བཟང་དུ་གཏོང་དགོས།

གཞན་ཡང་། ཉེ་ཆར་རྒྱ་ནག་གི་གསང་ཉུལ་བ་ཨ་རི་དང་རྒྱ་གར་བཅས་ཀྱི་ནང་དུ་འཛིན་བཟུང་བྱས་ཡོད་པ་དང་། བོད་མི་རྣམས་ཀྱི་རྒྱུན་དུ་རྒྱ་ནག་གི་གསང་ཉུལ་གྱི་མགོ་སྐོར་འོག་ཏུ་མི་ཚུད་རྒྱུ་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།