16
Tue, Apr

༢༠༡༩ལོའི་ཟླ་༦་ཚེས་༡༠་ཉིན། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་དང་། ཚོགས་མི་ལོ་ཡག་བཀྲིས་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་ཚེས་༡༠་ཉིན། བཞུགས་སྒར་རྡ་ས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཞི་བའི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དགོངས་པ་གཞན་ཡུལ་དུ་གཤེགས་ནས་མི་ལོ་སུམ་ཅུ་འཁོར་བ་དང་བསྟུན། ཀ་རྡོར་སྒང་གསུམ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང་། འདི་ལོ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་སྐབས་སུ། བོད་ཡིག་ཐོག་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་འཐོབ་མཁན་སློབ་མ་ཡོངས་ལ་ཚོགས་པའི་ངོས་ནས། ལེགས་སོའི་ལག་ཁྱེར་དང་། ཧིན་སྒོར་༥༠༠༠རེ་འབུལ་རྒྱུ་ཐག་ཆོད་བྱུང་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

དེ་ཡང་། གོང་ཚེས་ཉིན་ལ་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཞི་བའི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས་དང་། ཚོགས་མི་ལོ་ཡག་བཀྲིས་ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དགོངས་པ་གཞན་ཡུལ་དུ་གཤེགས་ནས་མི་ལོ་སུམ་ཅུ་འཁོར་བ་དང་བསྟུན། ཀ་རྡོར་སྒང་གསུམ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང་། འདི་ལོ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་སྐབས་སུ་བོད་ཡིག་ཐོག་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་འཐོབ་མཁན་སློབ་མ་ཡོངས་ལ་ཚོགས་པའི་ངོས་ནས། ལེགས་སོའི་ལག་ཁྱེར་དང་། ཧིན་སྒོར་༥༠༠༠རེ་འབུལ་རྒྱུ་ཐག་ཆོད་བྱུང་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི་༢༠༡༣་ ལོར་གསར་འཛུགས་བྱས་ཡོད་ཅིང་། ད་ལྟར་དང་བླངས་ཚོགས་མི་དྲུག་ཅུ་ཞིག་ཡོད་འདུག འདས་པའི་ལོ་ངོ་བདུན་གྱི་རིང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༡༥ ལོ་ལ་དྭགས་སུ་དུས་འཁོར་དབང་ཆེན་གསུང་སྐབས་དང་། རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོར་ལམ་རིམ་གསུང་ཆོས་མཐའ་མའི་སྐབས་བཅས་སུ་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཡོད་པར་མ་ཟད། ༢༠༡༥ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་དགོངས་གྲངས་བརྒྱད་ཅུ་ལ་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཆེད་ལྷོ་ཕྱོགས་ཀྱི་ས་ཁུལ་ཡོངས་ལའང་སྐད་ཡིག་ཆེད་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། ད་དུང་། ༢༠༡༧ལོར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་དང་། བོད་ཀྱི་མཐོ་སློབ་ཁག་དང་། སློབ་གྲྭ གཞིས་ཆགས། ཕྱི་རྒྱལ་སོགས་ས་གནས་དུ་མང་ཚོགས་འདུས་ཚོགས་གོ་སྐབས་ནམ་བྱུང་ལའང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་འདུག བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ལས་འགུལ་ནི། བོད་ནང་དང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས། གཏན་འབེབས་གནང་བའི་ཐ་སྙད་དང་བརྡ་ཆད་གསར་པ་རྣམས་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བྱེད་རྒྱུ་དང་། མཐོ་སློབ་ཁག་ཏུ་བོད་ཀྱི་ཐ་སྙད་དང་བརྡ་ཆད་གསར་པ་འགྲན་བསྡུར་བྱེད་རྒྱུ། དེ་བཞིན་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་ཐོག་ནས་ཐ་སྙད་རྣམས་བེད་སྤྱོད་གཏོང་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་འདུག

ཚོགས་པའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་བོད་མི་རིགས་ཀྱི་སྲོག་རྩ་ངོ་མ་ཡིན་པར་བརྟེན། འདི་ཉིད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འདོར་ཐབས་མེད་པའི་ལས་འགན་གལ་ཆེ་ཤོས་དེ་ཡིན་པ་བཞིན། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་ངོས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད། རང་ནུས་གང་ཡོད་ཀྱིས་ལས་དོན་སྒྲུབ་རྒྱུ་དེ་ཡིན་འདུག

རྗེས་དྲན་གྱི་ལས་འགུལ་སྐོར་ནི། འདི་ལོ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དུས་མིན་ཞིང་དུ་གཤེགས་ནས་མི་ལོ་སུམ་བཅུ་ཧྲིལ་པོ་འཁོར་ཡོད་པས། དམ་པ་ཁོང་གིས་སྐུ་ཚེ་གང་བོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་སྐུ་ངལ་ཆེད་གསད་གནང་ཡོད་པ་དང་། བོད་ཀྱི་སྐད་ཡིག་གཞི་རྩར་བཟུང་བའི་སློབ་ཆེན་མང་པོ་ཆེད་འཛུགས་གནང་བ་དང་། དགེ་རྒན་སྐྱེད་སྲིང་ཆེད། བོད་ཀྱི་ཡུལ་ལུང་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་། རྒྱ་མིའི་དཔོན་པོ་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དགོས་པ་དང་། བོད་མིར་རྒྱ་མིང་འདོགས་མཁན་དང་། རྒྱ་སྲོལ་བྱེད་མཁན། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་མཁན་ཚོ་ལ་ཐད་ཀ་ཐད་ཀར་དུ་བཀའ་བཀྱོན་གནང་ཡོད་ཅིང་། རྒྱ་གཞུང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་བྱེད་པར་ཤུགས་སྣོན་དགོས་པའི་ནུས་ལྡན་གྱི་ཞུ་སྐུལ་ཤུགས་ཆེན་གནང་བ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཡོང་ཆེད་ཁྲིམས་གཞི་གཏན་འབེབས། ཚོགས་འདུ་སོགས་སུ་བོད་དང་བོད་ཀྱི་རིག་གཞུང་གི་ཆེད་དུ་ཐུགས་ཁྲོས་པས་གསུང་བཤད་ཐེངས་མང་གནང་ཡོད་ཅིང་། དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་ནང་ཆོས་དང་། རིག་གཞུང་། སྐད་ཡིག་གཅེས་འཛིན་དགོས་པར་བཀའ་སློབ་ལམ་སྟོན་དང་། རིག་གཞུང་འཛིན་སྐྱོང་བྱེད་པར་དཔལ་འབྱོར་སོགས་ཀྱི་རོགས་འདེགས་རྒྱ་ཆེན་གནང་བ་སོགས་དམ་པ་ཁོང་གི་སྐུ་ཧྲིལ་པོ་བོད་པ་དང་། སྐད་ཡིག རིག་གཞུང་གི་ཆེད་དུ་བློས་གཏོང་ཡོངས་སུ་གནང་ཡོད། དེར་བརྟེན། ང་ཚོས་དམ་པ་ཁོང་གི་མཛད་རྗེས་རྒྱུན་སྐྱོང་དང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀར་གལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་ཏུ་མི་རིགས་ཀྱི་ངོས་ནས་བཤད་ན་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཀྱི་འདུག དེར་བརྟེན། ད་ཐེངས་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དགོངས་པ་གཞན་ཡུལ་དུ་གཤེགས་ནས་མི་ལོ་སུམ་ཅུ་འཁོར་བ་དང་བསྟུན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་འདི་སྤེལ་བ་ཡིན། ཀ་རྡོར་སྒང་གསུམ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང་།

འདི་ལོ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་སྐབས་སུ་བོད་ཡིག་ཐོག་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་རག་མཁན་སློབ་མ་ཡོངས་ལ་ཚོགས་པའི་ངོས་ནས། ལེགས་སོ་ལག་ཁྱེར་དང་། ཧིན་སྒོར་༥༠༠༠རེ་འབུལ་རྒྱུ་ཐག་ཆོད་བྱུང་ཡོད་འདུག འདི་ལོར་བྱ་དགའ་ཐོབ་མཁན་སློབ་གྲྭ་བཞི་ནས་སློབ་ཕྲུག་དགུ་འདུག་པ་རྣམས་ནི། མ་སུ་རི་གཏན་སློབ་ནས། ལྷ་མོ་ཚེ་རིང་། བསྟན་འཛིན་ཕན་བདེ། བསྟན་འཛིན་བདེ་སྐྱིད། ངག་དབང་། ཀ་སྦུག་གཏན་སློབ་ནས་། ལྷ་མོ་སྒྲོན་མ། ཚེ་དབང་ལྷ་མོ། མོན་གྷོ་སམ་བྷོ་ཏྲ་ནས་། བསྟན་འཛིན་ཀུན་གསལ། ས་ལའི་ཁུ་བོད་ཁྱིམ་ནས། ཉི་མ་བུ་ཁྲིད། འཕྲིན་ལས་རབ་བརྟན། བཅས་ཡིན།

བོད་ཀྱི་ལོ་རྒྱུས་ཡིག་ཆ།