19
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༡༢ཉིན།བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བུད་མེད་སྒེར་ལངས་བྱས་ཏེ་ལོ་ངོ་༦༠འཁོར་བའི་དུས་དྲན་སྲུང་བརྩི་གནང་སླད། བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྡ་ས་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་གི་མདུན་ནས་ཉིན་མོ་འདི་དང་འབྲེལ་བའི་མཛད་སྒོ་ཞིག་ཚོགས་ཤིང་། དེའི་སྐུ་མགྲོན་གཙོ་བོ་ནི་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་དམིགས་བསལ་སྐུ་མགྲོན་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་ལྷ་ལྕམ་རིན་ཆེན་མཁའ་འགྲོ་མཆོག དེ་བཞིན་རྡ་སའི་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ལྕམ་སྐུ་ར་ཅི་ནི་ཝས(Rajni Vyas)བཅས་ཡིན་འདུག

དེ་ནས་དེ་རིང་གི་ཉིན་མོ་འདི་དང་འབྲེལ་བའི་གསུང་བཤད་ཐོག་མ་ནི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་མཆོག་ནས་བུད་མེད་སྒེར་ལངས་དང་འབྲེལ་བའི་བསྒྲགས་གཏམ་སྒྲོག་རྒྱང་གནང་སོང་། དེ་ཡང་བསྒྲགས་གཏམ་དེར་ཐོག་མར་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་དཔའ་པོ་དཔའ་མོ་རྣམས་ལ་རྗེས་དྲན་དང་། དེ་ནས་བོད་ཀྱི་འཐབ་རྩོད་དེ་མུ་མཐུད་པའི་དམ་བཅའ་བཞག དེ་ནས་བུད་མེད་སྒེར་ལངས་ཀྱི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་དེ། དེས་བོད་ཀྱི་བུད་མེད་རྣམས་ལ་སྤོབས་པ་བྱིན་ཡོད་ཚུལ་སོགས་བཀོད་འདུག

གཞན་ཡང་། བསྒྲགས་གཏམ་དེར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་གི་གནས་ཚུལ་གྱི་སྐོར་ནས་ཀྱང་བསྒྲགས་འདུག་ཅིང་། དེ་ཡང་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་བཙན་ཁྲིད་བྱས་པར་བརྟེན། ཁོང་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༤འཁོར་སོང་བ་དང་། དེའི་རིང་ལ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གང་ཐུབ་ཀྱིས་ཁོང་བཙལ་བ་བཅས་ཀྱི་སྐོར་སོགས་བརྗོད་ཡོད་པར་མ་ཟད། ད་དུང་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཆེད་དུ་ལས་འགུལ་རྩོམ་འཆར་ཡོད་པའང་འདི་ལྟར་བརྗོད་འདུག་སྟེ། “༢༠༡༩ལོའི་སྤྱི་ཟླ་༤ཚེས་༢༥ཉིན་པཎ་ཆེན་རིན་པོ་ཆེ་དགུང་གྲངས་༣༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིནརྒྱལ་ནང་ཐོག་ཞི་བའི་གོམ་བགྲོད་གོ་སྒྲིག་ཞུ་རྒྱུ་ཡིན།”

ད་དུང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ བཙན་བྱོལ་བོད་ཀྱི་སློབ་གསོ་དང་འཚོ་བ་སོགས་ཀྱི་ཐད་ནས་ཀྱང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་སྐོར་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐད་ནས་རྒྱ་ནག་གིས་རྡོག་རོལ་གཏོང་གི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེའི་སྐོར་ནས་རྒྱ་ནག་ལ་གནོན་ཤུགས་དང་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་ཡང་བྱེད་ཀྱིན་འདུག་ལ། བོད་དོན་སེལ་བར་དབུ་མའི་ལམ་ནི་དགེ་མཚན་ཆེ་ཤོས་ཡིན་སྐོར་ཡང་བཀོད་འདུག

དེ་ནས་མཐའ་མར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་སེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ལ་འདི་ལྟར་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞིག་ཞུ་འདུག་པ་གཤམ་གསལ་ལྟར།

༡ ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་རྒྱ་ནག་གི་མགོ་ཁྲིད་ཚོར་༸སྤྱི་གོར་༸གོང་ས་རྒྱལ་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་དབུ་མའི་ལམ་གྱི་ཐབས་བྱུས་ཐོག་ནས་བོད་ཀྱི་དཀའ་རྙོག་དེ་དག་ཞི་བའི་ངང་སེལ་ཆེད། བོད་རྒྱ་བར་གྱི་གྲོས་མོལ་བསྐྱར་གསོ་གནང་རྒྱུ་ལ་སྐུལ་མ་ཡོང་བའི་འབོད་སྐུ་ཞུ།

༢ ང་ཚོས་ཞི་ཅིན་ཕིན་ལ་བོད་ནག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་འཇོགས་དང་། གསར་འགོད་རང་དབང་སྤྲོད་རྒྱུའི་འབོད་སྐུ་ཞུ།

༣ ང་ཚོས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཚོགས་ཆུང་ལ་པཎ་ཆེན་རིན་པོ་ཆེ་སྐུ་བཅུ་གཅིག་པ་མཆོག་གང་མགྱོགས་གློད་གྲོལ་ཡོང་སླད། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུའི་འབོད་སྐུ་ཞུ།

༤ ང་ཚོས་རྒྱལ་སྤྱིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོར་བོད་ནང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་ཆེད། བོད་ནང་ཆོས་ལུགས་དྲག་གནོན་གྱི་གནད་དོན་ཐོག་ཞུ་འབོད་གང་མང་གནང་རྒྱུའི་འབོད་སྐུ་ཞུ།

དེ་ལྟར་བུད་མེད་ལྷན་ཚོགས་ཀྱི་གསུང་འཕྲིན་བསྒྲགས་ཚར་རྗེས། བུད་མེད་ལྷན་ཚོགས་ཀྱི་ལམ་སྟོན་ཟུར་པ་ལྕམ་རིན་ཆེན་མཁའ་འགྲོ་མཆོག་དང་། རྡ་སའི་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ལྕམ་ར་ཅི་ནི་ཝ། གཞན་སྤྱི་འཐུས་སྒྲོལ་མ་ཚེ་རིང་བཅས་ཀྱིས་དེ་རིང་གི་ཉིན་མོ་འདི་དང་འབྲེལ་བའི་གསུང་བཤད་གནང་སོང་།

མཇུག་མཐར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ནས་ཐུགས་རྗེ་ཆེ་ཞུ་བ་དང་། མི་མང་རྣམ་པ་དཔའ་བོ་རྡོ་རིང་ནས་ཀ་ཅ་རི་བར་ཞི་བའི་སྐད་འབོད་ཀྱི་མགོ་འཛུགས་གནང་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།