13
Thu, Jun

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ ༦ ཚེས་༡ ཉིན་སྤེལ། དྲུག་གཅིག་རྒྱ་ནག་གི་བྱིས་པའི་དུས་ཆེན་ཉིན། རྒྱ་ནག་སྲིད་གཞུང་གིས་བུད་མེད་ཚོགས་པ་དང་ཚོགས་པ་གཞན་བརྒྱུད་ནས་ཕྲུག་གུ་ཚོ་རྒྱ་ནག་གུང་ཁྲན་ཏང་ལ་དགའ་ཞེན་ཡོང་ཐབས་ཀྱི་བྱ་འགུལ་སྤེལ་བཞིན་འདུག བོད་ཕྲུག་ཚོར་རྒྱ་དམར་སྲིད་གཞུང་བཟང་རབས་དང་བཀའ་དྲིན་ཆེ་རབས་སོགས་བཤད་ནས་བསམ་བློ་བཅོས་འགྱུར་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

དེ་ཡང་། དེ་རིང་ནི་དྲུག་གཅིག་རྒྱ་ནག་གི་བྱིས་པའི་དུས་ཆེན་ཉིན་མོ་ཡིན་པར་བརྟེན། རྒྱ་གཞུང་གིས་གོ་སྐབས་འདི་བཟུང་ནས་སློབ་ཕྲུག་རྣམས་ལ་རྕེད་རིགས་འདྲ་མིན་དང་ལྷན་དུ་“ན་གཞོན་བྱིས་པའི་སེམས་པ་ཏང་ལ་ཕྱོགས། ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱུང་” ཟེར་བའི་བྱེད་ལས་སློབ་གྲྭ་ཁག་ནང་དུ་སྤེལ་ནས་སློབ་ཕྲུག་ཚོའི་བསམ་བློ་བཅོས་འགྱུར་བྱེད་ཐབས་བྱེད་བཞིན་པ་རེད།

དམིགས་བསལ་རྒྱ་ནག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཟེར་བ་གཙོས་པའི་སྡེ་ཁག་༡༡་ཡིས་བོད་དང་ས་ཁུལ་གཞན་དུ་ཕྲུག་གུ་ཚོར་རྒྱ་ནག་གུང་ཁྲན་ཏང་ལ་དགའ་ཞེན་ཡོང་ཐབས་ཀྱི་བྱ་འགུལ་སྤེལ་བཞིན་འདུག ས་ཁུལ་སོ་སོའི་སློབ་ཕྲུག་ཚོར་རྒྱ་ནག་གི་ལོ་རྒྱུས་དང་རྒྱ་དམར་གུང་ཁྲན་ཏང་གི་ལོ་རྒྱུས། ད་དུང་རྒྱ་ནག་རྩ་ཁྲིམས་སོགས་དྲིལ་བསྒྲགས་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་སློབ་གསོ་ཟེར་བ་སྐོར་སློབ་པ་དང་འགྲེམས་སྟོན་བྱེད་པ། དེ་བཞིན་གསར་བརྗེའི་བརྩམས་ཆོས་ཟེར་བ་གྱེར་འདོན་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་ནས་སློབ་ཕྲུག་ཚོ་རྒྱ་དམར་སྲིད་གཞུང་ལ་ཐག་ཉེ་དང་དགའ་ཞེན་ཡོང་ཐབས་བྱེད་བཞིན་པ་རེད་འདུག

རྒྱ་གཞུང་གིས་ལས་འགུལ་འདྲ་མིན་བརྒྱུད་བོད་པ་གཙོས་པའི་མི་རྣམས་ལ་རྒྱ་དམར་སྲིད་གཞུང་ལ་དགའ་ཞེན་ཡོང་ཐབས་བྱས་དང་བྱེད་པ་རེད། ད་ཐེངས་རྒྱ་གཞུང་གིས་བྱིས་པའི་དུས་ཆེན་ཉིན་ཡང་གོ་སྐབས་བཟུང་ནས་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཁྲིམས་ལུགས་གོ་རྟོགས་ཡོང་ཐབས། རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གི་བསམ་བློ་ཟེར་བ་སོགས་དྲིལ་བསྒྲགས་བྱས་འདུག རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་བརྒྱུད་ནས་བོད་པའི་རིག་གཞུང་དང་ཆོས་རྩ་མེད་བཟོ་ཐབས་དང་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་གཞུང་བཙུགས་པའི་གཏན་སྡོད་སློབ་གྲྭ་ནང་དུ་བཙན་བཅུག་བྱས་ནས་རྒྱའི་ལོ་རྒྱུས་དང་སྐད་ཡིག་བསླབས་ནས་བོད་པའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།