13
Thu, Jun

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ ༥ ཚེས་༢༩ ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་བོད་པའི་དགོན་སྡེ་ཁག་ཏུ་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་མཆོག་དང་འབྲེལ་བའི་ཇུས་ངན་གསར་པ་ཞིག་སྤེལ་བཞིན་འདུག ཇུས་ངན་དེ་དག་ནི་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་དགོངས་པ་རྫོགས་རྗེས་བོད་ནང་དང་དམིགས་བསལ་དགོན་སྡེ་ཁག་ཏུ་རྒྱ་གཞུང་ལ་ངོ་རྒོལ་འབྱུང་ངེས་རེད་བསམས་ནས་ད་ལྟར་ནས་དགེ་འདུན་པ་དང་བཙུན་མ་རྣམས་ལ་སློབ་གསོ་དང་ཁོ་ཚོའི་བྱ་སྤྱོད་ལ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་འདུག

དེ་ཡང་། བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་ཕྱི་ལོ་༡༩༥༩་དང་༡༩༨༩། དེ་བཞིན་ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་ལྟར། ༸རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་བོད་མི་གཙོས་དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འབྱུང་བའི་ཞེ་སྣང་སྐྱེས་ནས་ད་ལྟར་ནས་བོད་པའི་དགོན་སྡེ་ཁག་ཏུ་༸གོང་ས་མཆོག་ལ་དད་པ་བྱེད་མི་ཆོག་པ་དང་། ཁོང་གི་ཆེད་དུ་སྨོན་ལམ་འཚོགས་མི་ཆོག་པ། ཁོང་གི་བཀའ་སློབ་ཉན་མི་ཆོག་པ། ཁོང་གི་དཔེ་དེབ་ཉར་མི་ཆོག་སོགས་ཀྱི་སྐོར་སློབ་གསོ་སྤྲོད་བཞིན་པ་མ་ཟད། ཆབ་སྲིད་སློབ་གསོ། རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཟེར་བ་སོགས་ཀྱང་སྤྲོད་བཞིན་ཡོད་འདུག

རྒྱ་གཞུང་གི་ལས་བྱེད་ཁག་ཅིག་ཟླ་འདིའི་ཚེས་༡༩ ཉིན་འཇོ་མདའ་རྫོང་གི་དགོན་པ་ཞིག་གི་ནང་དུ་ཡོང་ནས་དགོན་པའི་དགེ་འདུན་པ་རྣམས་ལ་༸རྒྱལ་བ་རིན་པོ་ཆེ་དང་འབྲེལ་ལས་དོན་གང་ཡང་སྤེལ་མི་ཆོག་པ་དང་། ཁོང་ལ་དད་པ་བྱེད་མི་ཆོག་པ་དང་། ཁོང་དང་འབྲེལ་བའི་བསམ་བློ་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་ནས་སྡིགས་ར་བསྐུལ་འདུག

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱེད་དོན། རྒྱ་གཞུང་གིས་དགོན་པ་ཚང་མའི་ནང་དུ་ལས་བྱེད་ཁག་ཅིག་བཞག་ཡོད་འདུག དེ་བཞིན་རྫོང་དང་གྲོང་སྡེའི་ལས་བྱེད་ཡང་སྲིད་དགོན་པའི་ཁག་གི་ནང་དུ་སྐོར་བསྐྱོད་བྱེད་དུ་ཡོང་བ་མ་ཟད། ཁོང་ཚོས་དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་གང་བྱེད་ཀྱི་ཡོད་མེད་དང་བསམ་བློ་གང་དག་གཏོང་གི་ཡོད་མེད་ཐོག་བརྟག་དཔྱད་དང་ཞིབ་འཇུག སྐད་ཆ་འདྲ་མིན་དྲིས་ནས་དམ་བསྒྲགས་དང་བསུན་གཙེར་ཀྱང་བྱེད་ཀྱི་ཡོད་འདུག

ཁོང་གིས་མུ་མཐུད་ནས་བརྗོད་དོན། རྒྱ་གཞུང་ལས་བྱེད་གཅིག་གིས་དགེ་འདུན་པ་དང་བཙུན་མ་གཅིག་ནས་བདུན་བར་རྟག་པ་ཁ་པར་བཏང་ནས་ཉིན་རེར་བྱ་བ་ག་རེ་བྱེད་ཀྱི་ཡོད་མེད་དང་བསམ་བློ་གང་གཏོང་གི་ཡོད་མེད་སྐོར་འདྲི་རྩད་བྱེད་ཀྱི་ཡོད་འདུག ཉིན་བཅུ་རེའི་ནང་དུ་ཁ་པར་གཏོང་སའི་དགེ་འདུན་པ་དང་བཙུན་པ་རྣམས་ལ་བརྟག་དཔྱད་བྱེད་ཆེད་དགོན་པའི་ནང་དུ་ཡོང་གི་ཡོད་འདུག ནམ་རྒྱུན་དགེ་འདུན་པ་རྒྱ་གཞུང་ལ་རྣམ་འགྱུར་སྟོན་མཁན་ཚོར་དམིགས་བསལ་དམ་བསྒྲགས་ཆེ་བ་བྱེད་ཀྱི་ཡོད་འདུག ཅེས་བརྗོད་བྱུང་།

སྤྱིར་རྒྱ་གཞུང་གིས་དགེ་འདུན་པ་དང་བཙུན་མ་རྣམས་༸གོང་ས་མཆོག་དང་འབྲེལ་བའི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག་པའི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་ཀྱང་། ད་ལྟར་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་བོད་ནང་དུ་ངོ་རྒོལ་གྱི་ལས་འགུལ་འབྱུང་བའི་དོགས་པའི་འོག་ནས་དམིགས་བསལ་དགེ་འདུན་དང་བཙུན་པ་རྣམས་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་ནས་ཁོང་རྣམ་པའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། དེ་བཞིན་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་རྡོལ་རོལ་བཏང་དང་གཏོང་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།